Degé Kangyur volume 48, F.113.a

ན་འཇིག་རྟེན་གྱི་ཁམས་སྙན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་པད་མ་མཆོག་གི་འོད་ཟེར་ཅེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་བཏང་ངོ་། །​དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་གྲགས་པ་ལྡན་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ལྷུན་པོས་བྱིན་ཞེས་བྱ་བ་བཏང་ངོ་། །​དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་ཤིན་ཏུ་རབ་གནས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་བཤེས་གཉེན་གྲགས་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་སེང་གེ་ལྟར་གནོན་ཅེས་བྱ་བ་བཏང་ངོ་། །​དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་སཱ་ལ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་སཱ་ལའི་དབང་པོའི་ཏོག་ཅེས་བྱ་བ་བཏང་ངོ་། །​དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་དོན་ཡོད་གོམ་པས་རྣམ་པར་གནོན་ཅེས་བྱ་བ་བཏང་ངོ་། །​དེ་ལྟར་བྱང་ཤར་གྱི་ཕྱོགས་མཚམས་ནས་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་གྲངས་མེད་དཔག་ཏུ་མེད་པ་དག་ལྷགས་ཏེ་ལྷགས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཞིང་བསྐོར་བ་བྱས་ཏེ། རྣམ་པ་དུ་མས་མཆོད་ནས་བཅོམ་ལྡན་འདས་འབའ་ཞིག་ལ་ལྟ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། །​དེའི་ཚེ་འཇིག་རྟེན་གྱི་ཁམས་དེ་གང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4241#UT22084-048-001-4241