Degé Kangyur volume 48, F.107.a

བ་དེ་དང་གསུང་བསལ་བའི་སྒྲ་གྲག་པ་དེ་སུའི་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། འཁོར་དེར་ཡང་ཆོས་མཉན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔེ་མེད་པ་སེམས་པ་དག་འདུས་པར་གྱུར་ཏེ་འཁོད་དོ། །​གསོལ་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེའི་ཐད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བདག་མཆི་བར་བགྱིའོ། །​བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་ད་བབ་པར་ཤེས་ན་སོང་ཤིག །​ངའི་ཚིག་གིས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་ཡང་གསོལ་ཅིག །​དེ་ནས་བྱང་ཆུབ་སེམས་དཔའ་ང་རོ་དཔག་ཏུ་མེད་པས་བཅོམ་ལྡན་འདས་དེའི་ཞབས་ལ་ཕྱག་འཚལ་ཏེ་བཅོམ་ལྡན་འདས་དེ་ལ་བསྐོར་བ་བྱས་ནས་སོང་སྟེ། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ལག་པ་བསྐུམ་པ་རྐྱོང་བར་བྱེད་པའམ། བརྐྱང་བ་སྐུམ་པར་བྱེད་པའི་སྐད་ཅིག་དེས་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འདུག་སྟེ། དེ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་དེ་བཞིན་གཤེགས་པ་ཡུལ་མཐའ་ཡས་པར་མངོན་དུ་འཕགས་པའི་རྒྱལ་པོ་སྙུན་གསོལ་ལགས་སོ། །​དེ་ནས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4229#UT22084-048-001-4229