Degé Kangyur volume 48, F.106.a

གསོལ་ཏོ། །​བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བདག་མཆི་བར་བགྱིའོ། །​བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་ད་བབ་པར་ཤེས་ན་སོང་ཤིག །​ངའི་ཚིག་གིས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་ཡང་གསོལ་ཅིག །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིམ་པའི་བུ་བཅོམ་ལྡན་འདས་དེའི་ཞབས་ལ་ཕྱག་འཚལ་ཏེ། འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ལག་པ་བསྐུམ་པ་རྐྱོང་བར་བྱེད་པའམ། བརྐྱང་བ་སྐུམ་པར་བྱེད་པའི་སྐད་ཅིག་དེས་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས་དེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འདུག་སྟེ། དེ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་དེ་བཞིན་གཤེགས་པ་སྤྱན་ཆེན་པོ་སྙུན་གསོལ་ལགས་སོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རིམ་པའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་ཅི་སངས་རྒྱས་ཀྱི་ཞིང་དེ་ན་བཅོམ་ལྡན་འདས་དེ་གནོད་པ་ཆུང་ངམ། སྙུན་མི་མངའ་འམ། བདེ་བར་རེག་པ་ལ་གནས་སམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །​དེ་ལྟར་དེ་བཞིན་གཤེགས་པ་སྤྱན་ཆེན་པོ་ལ་སོགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཆོག་གི་དཔལ་གྱི་སངས་རྒྱས་ཀྱི་ཞིང་དང་དེ་བཞིན་དུ་དེ་བཞིན་གཤེགས་པ་པད་མའི་དཔལ་འབྱུང་དང་། སེང་གེའི་དཔལ་དང་། དོན་གྲུབ་དང་། དཔལ་སྦས་དང་། སེང་གེའི་འགྲམ་པ་དང་། ཤིན་ཏུ་རབ་ཏུ་གནས་པའི་རྒྱལ་པོ་དང་། ཚངས་པ་ལྷུན་པོ་དང་། སྤྱན་རྣམ་པར་དག་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4227#UT22084-048-001-4227