Degé Kangyur volume 48, F.96.a

གནས་ཁང་གནས་པ་ཚེགས་ཀྱིས་འཐོབ་འགྱུར་ཞིང་། །​དེ་ཚེ་ལྷ་ཡིད་ཤིན་ཏུ་མི་དགའ་འགྱུར། །​ཀྱེ་མ་ཀྱེ་མ་བསྟན་པ་རབ་ཏུ་འཇིག །​གང་གི་དོན་དུ་དེ་ཚེ་དཀའ་སྤྱོད་པ། །​དེ་དག་དགེ་སློང་སྡིག་པས་ཚར་བཅད་འགྱུར། །​བསྟན་པ་འཇིག་པར་འགྱུར་བ་འདི་ལ་ལྟོས། །​འདིར་ནི་ཕན་ཚུན་ཀུན་དུ་དགའ་བར་འགྱུར། །​དེས་པ་རྣམས་ལ་དེ་དག་བསྔགས་མིན་བརྗོད། །​སངས་རྒྱས་ལ་ནི་འཁྲུག་ལོང་བྱེད་པ་དག །​དེ་དག་ཁྱིམ་ན་གནས་པར་འཛིན་པར་འགྱུར། །​དགེ་བསྙེན་མ་དང་འདྲེ་བར་བྱེད་འགྱུར་ཞིང་། །​དེ་ན་དེ་དག་ལག་པ་གཅིག་ཏུ་བྱེད། །​རྒྱལ་བའི་བསྟན་ལ་མ་གུས་གྱུར་ནས་སུ། །​བྱང་ཆུབ་མཆོག་ཀྱང་སྤོང་བར་བྱེད་པར་འགྱུར། །​དཀོན་མཆོག་གསུམ་ལ་མཆོག་ཏུ་འཚེ་འགྱུར་ཏེ། །​དེ་དག་རྟག་ཏུ་དེས་པ་རྣམས་ཀྱིས་སྤོངས། །​ཁྱུ་མཆོག་རྭ་ཆག་མ་གྱུར་མ་རུངས་པ། །དེ་བཞིན་ཚུལ་ཁྲིམས་ལྡན་པས་རྣམ་པར་སྤོངས། །​དེ་ཚེ་ཚུལ་ཁྲིམས་ལྡན་པ་དཔྱས་འགྱུར་ཞིང་། །​དེ་ཚེ་དགེ་སློང་སྡིག་པས་བརྙས་ཚུལ་འགྱུར། །​འཇིགས་ཆེན་ཕྱིན་ཅི་ལོག་གི་དུས་སུ་ནི། །​སྐྱོ་བ་ཐོབ་བྱོས་བག་ཀྱང་ཡོད་པར་གྱིས། །​བདེ་བར་གཤེགས་པའི་བསྟན་ལ་བརྩོན་འགྲུས་སྐྱེད། །​དེ་ཚེ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར། །​སྡིག་པའི་དགེ་སློང་རྣམས་དང་ཕྲད་མ་བྱེད། །​དེ་ཡི་ཚེ་ན་སྡུག་བསྔལ་གནས་པར་འགྱུར། །​དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བལྟས་པའི་བྱང་ཆུབ་ཏུ་ངེས་པའི་དགེ་བའི་རྩ་བའི་སྙིང་སྟོབས་ཀྱི་གོ་ཆ་བགོས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ལག་པ་བསྐུམ་པ་རྐྱོང་བར་བྱེད་པའམ། །​བརྐྱང་བ་སྐུམ་པར་བྱེད་པའི་སྐད་ཅིག་དེས་དེ་ནས་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། །​དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4207#UT22084-048-001-4207