Degé Kangyur volume 48, F.74.a

གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བདག་མཆི་བར་བགྱིའོ། །​དེ་ནས་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པའི་གོ་ཆའི་ལག་པར་པད་མ་ཆེན་པོ་གཅིག་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་ལ་འདི་ཕུལ་ལ། ངའི་ཚིག་གིས་དེ་བཞིན་དུ་གསོལ་ཅིག །​དེ་ནས་བྱང་ཆུབ་སེམས་དཔའ་དེ་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ལག་པ་བསྐུམ་པ་རྐྱོང་བར་བྱེད་པའམ། ལག་པ་བརྐྱང་བ་སྐུམ་པར་བྱེད་པའི་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེས་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འདུག་གོ། །​དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ། ཞེས་དེ་བཞིན་གཤེགས་པ་རྣམ་པ་དུ་མ་རྣམ་པར་འཕྲུལ་པ་སྙུན་གསོལ་ཞིང་། བཅོམ་ལྡན་འདས་ལ་པད་མ་ཆེན་པོ་འདི་ཡང་བཅོམ་ལྡན་འདས་དེས་བསྐུར་བ་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཞེས་ཏེ། བཞེས་ནས་ཀྱང་བཀའ་སྩལ་པ། རིགས་ཀྱི་བུ་ཅི་བཅོམ་ལྡན་འདས་དེ་སྙུན་མི་མངའའམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། འགྱུར་བ་མི་མངའ་འམ། གསོལ་པ་བཅོམ་ལྡན་འདས་དེ་ལྟ་ལགས་སོ། །​འཇིག་རྟེན་གྱི་ཁམས་དེའི་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་སྣ་ཚོགས་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་མཆོག་གི་ཚོགས་ཅན་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4163#UT22084-048-001-4163