Degé Kangyur volume 48, F.59.a

སེམས་དཔའ་ཡེ་ཤེས་རྣམ་པར་བསྒྲགས་པས་མཉན་ནས་ལེགས་སོ་ཞེས་གསོལ་ཏེ། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ལག་པ་བསྐུམ་པ་རྐྱོང་བར་བྱེད་པའམ། ལག་པ་བརྐྱང་བ་སྐུམ་པར་བྱེད་པའི་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེས་འཇིག་རྟེན་གྱི་ཁམས་འདིར་འོངས་ཏེ་། དེ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་རྣམ་པར་བསྒྲགས་པའི་སྟོབས་ཀྱི་རྒྱལ་པོ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཞིང་། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་དེས་ཙན་དན་དམར་པོའི་ཐུམ་པོ་འདི་ཡང་བསྐུར་བ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཞེས་ཏེ། བཞེས་ནས་ཀྱང་བཀའ་སྩལ་པ། ཡེ་ཤེས་རྣམ་པར་བསྒྲགས་པ་ཅི་བཅོམ་ལྡན་འདས་དེ་སྙུན་མི་མངའ་འམ། སྟོབས་དང་ལྡན་ནམ། འགྱུར་བ་མི་མངའ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །​དེའི་ཚེ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་སུམ་ཁྲི་དགུ་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་འཕགས་པའི་འོད་ཟེར་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་རབ་ཏུ་བཏང་བ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་འོད་ཀྱི་དཀྱིལ་འཁོར་ཅན་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །​བྱང་ཆུབ་སེམས་དཔའ་འོད་ཀྱི་དཀྱིལ་འཁོར་ཅན་གྱིས་སྣང་བ་ཆེན་པོ་དེ་མཐོང་སྟེ། གསུང་བསལ་བའི་སྒྲ་དེ་ཡང་ཐོས་སོ། །​དེ་ནས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཀྱི་དཀྱིལ་འཁོར་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་འོད་དེ་དང་། གསུང་བསལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4133#UT22084-048-001-4133