Degé Kangyur volume 48, F.146.b

ཞེས་མགོ་གཅིག་ཏུ་མི་སྨྲ་བས་དཔྱོད་པ་ཐོབ་པའོ་སྙམ་མོ། །​དེ་ནས་བདུད་བརྗེད་ངས་ཀྱིས་མིག་གིས་མི་རྩོལ་བར་བྱ་བའི་ཕྱིར་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་གཞོན་ནུ་དེ་དག་ནི་མཁས་པའི་ལས་ཡིན་ཏེ། གཞོན་ནུ་ཁྱོད་རྗེས་སུ་འཇུག་པར་བྱའོ་ཞེས་མགོ་གཅིག་ཏུ་ཚིག་མི་སྨྲ་བ་ནི་ལེགས་སོ་ལེགས་སོ། །​གཞོན་ནུ་གཞན་ཡང་ཁོ་བོས་ཁྱེད་ལ་རྗེས་སུ་བསྟན་པར་བྱས་དེ་ཡང་ཁྱོད་ཀྱིས་རྣམ་པར་རྟོགས་ཤིག །​གཞོན་ནུ་ཁྱོད་གང་ལ་སྐྱོན་ཆེས་མང་དུ་མཐོང་བ་དེ་ལ་སྟེན་པར་མ་བྱེད་ཅིག་གཞོན་ནུས་སྨྲས་པ། ཀྱེ་མི་དེ་ལ་དེ་སྐད་ཅེས་བརྗོད་པར་མི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། གང་ལ་སྐྱོན་ཆེས་མང་བ་དེ་ནི་བསྟེན་པར་བྱ་བ་མ་ཡིན་ཞིང་གང་ལ་སྐྱོན་ཆེས་ཉུང་བ་དེ་ཡང་བསྟེན་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་མི་དུག་མང་པོ་ཡང་གསོད་པར་བྱེད་ལ། ཉུང་ངུ་ཡང་གསོད་པར་བྱེད་ཅིང་། གང་ཡང་འཁོར་ལོས་སྒྱུར་བའི་ཟས་དུག་དང་འདྲེས་པ་དེ་ཡང་གསོད་པར་བྱེད་ལ། གང་ཡང་མི་ཕལ་པའི་ཟས་དུག་དང་འདྲེས་པ་དེ་ཡང་གསོད་པར་བྱེད་པའི་ཕྱིར་དེ་དག་ནི་བཟར་མི་རུང་ཞིང་བསྟེན་པར་བྱ་བ་མ་ཡིན་ནོ། །​ཀྱེ་མི་དེ་བཞིན་དུ་གང་ལ་སྐྱོན་མང་བ་དེ་ལ་སྟེན་པར་མ་བྱེད་ཅིག །​གང་ལ་ཆེས་ཉུང་བ་དེ་ལ་སྟེན་ཅིག །​ཅེས་དེ་སྐད་སྨྲས་ན། ཀྱེ་མི་དེ་དག་གཉིས་ཀ་ཡང་བསྟེན་པར་བྱ་བ་མ་ཡིན་ནོ། །​ཀྱེ་མི་མཁས་པས་བསྟེན་པར་བྱ་བ་ཡང་གང་ཡིན་ཞེ་ན། ཀྱེ་མི་མཁས་པས་ནི་གང་སྐྱོན་མེད་པ་དང་། ཅི་ཡང་མེད་པ་དང་། སྙིགས་མ་མེད་པ་དང་། རིམས་ནད་མེད་པ་དང་། ནད་མེད་པ་དང་། མི་གཡོ་བ་དང་། བསིལ་བར་གྱུར་པ་དང་། བདེ་བ་དེ་བསྟེན་པར་བྱའོ། །​དེ་ནས་བདུད་བརྗེད་ངས་འདི་སྙམ་དུ་སེམས་ཏེ། བདག་གིས་གཞོན་ནུ་དྲན་པ་རྙེད་རྗེས་སུ་བསྟན་པ་གང་ཁོ་ན་ལ་བཞག་པ་དེ་དང་དེ་ནི་དེས་སྐྱོན་དང་བཅས་པར་མཐོང་ཞིང་ཕྱིས་ཀྱང་ལན་འདེབས་པར་བྱེད་དོ་སྙམ་སྟེ། །དེ་ལྟར་རྗེས་སུ་བསམས་ནས་ཡང་སྨྲས་པ། གཞོན་ནུ་འདི་ལྟར་གང་རིམས་ནད་མེད་པ་དང་། སྐྱོན་མེད་པ་དང་། ཞི་བ་དེ་ལ་མཁས་པ་རྣམས་དགའ་བ་སྐྱེད་པར་བྱེད་དོ་ཞེས་ཟེར་བ་ནི་ཁྱོད་ཀྱིས་ལེགས་པར་སྨྲས་ན། གཞོན་ནུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ནི་སྐྱོན་མང་བའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4308#UT22084-048-001-4308