Degé Kangyur volume 48, F.109.a

སངས་རྒྱས་ཀྱི་ཞིང་དག་ནས་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །​དེའི་ཚེ་ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་འདས་པ་ན་འཇིག་རྟེན་གྱི་ཁམས་བཀྲ་ཤིས་བཟང་པོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་ཅེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་དོན་ཐམས་ཅད་གྲུབ་ཅེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བ་ནས། དེ་ཡང་འོངས་ཏེ་ཞེས་བྱ་བ་དང་། དེ་ལྟ་ལགས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །​དེ་ལྟར་དེ་ལ་སོགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲུབ་པའི་གོ་ཆའི་སངས་རྒྱས་ཀྱི་ཞིང་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་དང་། ཤིན་ཏུ་རབ་གནས་གོ་ཆ་དང་། གོ་ཆ་མཐའ་ཡས་དང་། མཚན་གྱི་གོ་ཆ་དང་། གོ་ཆ་མཐའ་ཡས་དང་། ཀུན་ནས་གོ་ཆ་དང་། མར་མེ་མཛད་དང་། འོད་མཛད་དང་། མཛོད་གཅིག་པ་དང་། སྐུ་མི་མངའ་བ་དང་། དྲ་བ་ཅན་གྱི་འོད་ཟེར་དང་། བརྩོན་འགྲུས་མཐའ་ཡས་དང་། རྩེ་མོ་དང་། རྩེ་མོ་མངོན་དུ་འཕགས་དང་། འོད་ཀྱི་དཀྱིལ་འཁོར་ཅན་དང་། རྣམ་པར་གཟིགས་དང་། དོན་ཡོད་མིང་སྒྲོགས་དང་། འཇིགས་པ་དང་། བག་ཚ་བ་ཐམས་ཅད་རྣམ་པར་འཇོམས་མཛད་དང་། ཡོན་ཏན་མཐའ་ཡས་རྒྱལ་པོའི་འོད་དང་། ཕྱིར་རྒོལ་བ་ཐམས་ཅད་ངེས་པར་འཇོམས་དང་། བདུད་ཐམས་ཅད་ཀྱི་ཡུལ་ལས་འདས་པ་དང་། དཔག་མེད་མེ་ཏོག་དང་། བདུད་རྩི་འཛིན་དང་། དབྱངས་ཀྱི་ང་རོ་དཔག་མེད་དང་། འོད་ཟེར་བརྩེགས་དང་། སྣང་བའི་དཔལ་དང་། གཉིས་མེད་བྲལ་བའི་དཀྱིལ་འཁོར་ཅན་དང་། འཆི་མེད་རྟོགས་པའི་མེ་ཏོག་འོད་ཟེར་དང་། བདུད་རྩིའི་དབྱངས་དང་། ལྷུན་པོའི་འོད་དང་། ཤིན་ཏུ་མཐོང་དང་། སྤྱན་བཟངས་དང་། མཆོག་གི་ཚོགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4233#UT22084-048-001-4233