Degé Kangyur volume 48, F.93.b

འདས་ཏེ། འཇིག་རྟེན་གྱི་བར་དག་ལས་འདས་ནས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོ་སོར་ཡང་དག་པར་འཁོད་དོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་འཁོར་བཞི་པོའི་འཁོར་གྱི་དཀྱིལ་འཁོར་གྱིས་དེ་དག་མཐོང་ནས་ཀྱང་ངོ་མཚར་དུ་འཛིན་པར་གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་ལ་པད་མ་དེ་དག་གིས་ལན་གསུམ་བསྐོར་བ་བྱས་ནས་སྤྱན་སྔར་འཁོད་དོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པས་པད་མ་དེ་དག་ལ་རེག་པར་མཛད་ནས། རེག་པ་ཙམ་གྱིས་པད་མ་དེ་དག་ལས་ཀྱང་བྱང་ཆུབ་སེམས་དཔའི་ལུས་དག་མངོན་པར་བྱུང་ངོ་། །​བྱུང་ནས་ཀྱང་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་མི་སྣང་བར་གྱུར་ཏོ།​། །​།བམ་པོ་བརྒྱད་པ། མཐའ་ཡས་མཁྱེན་མངའ་གང་ཟག་ཁྱུ་མཆོག་གཙོ། །​རང་བྱུང་མཐའ་ཡས་ཆོས་རྣམས་ཐུགས་སུ་ཆུད། །​ཁྱོད་ཀྱི་རྫུ་འཕྲུལ་མཐའ་ཡས་རྒྱ་ཆེན་གདའ། །​འཇིག་རྟེན་ཁམས་རྣམས་ཀུན་དུ་སྣང་བར་མཛད། །​དེ་དག་སངས་རྒྱས་ཀྱི་ནི་མཚན་ཐོས་ནས། །​ཞུ་བའི་ཁྱད་པར་ཀུན་ཏུ་ཞུ་བ་དང་། །​སངས་རྒྱས་བལྟ་དང་ཕྱག་ཀྱང་བགྱི་སླད་དུ། །​མཁས་པ་དེ་དག་རྫུ་འཕྲུལ་སྟོབས་ཀྱིས་མཆིས། །​བྱང་ཆུབ་གོ་བགོས་དཔའ་བོ་གང་མཆིས་དག །​མི་མཇེད་འཇིག་རྟེན་ཁམས་སུ་རབ་གནས་པ། །​དེ་དག་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། །​དེ་དག་མིང་དང་གཟུགས་དང་གྲགས་པས་འཕགས། །​དེ་དག་གོ་ཆའི་དངོས་པོས་མི་འཇིགས་ཤིང་། །​སེམས་ཅན་སྨིན་པའི་སླད་དུ་ཡང་དག་ཞུགས། །​བྱང་ཆུབ་མཆོག་ལ་ཇི་ལྟར་རེག་གྱུར་པ། །​འཇིག་རྟེན་རྣམ་འདྲེན་མཆོག་ལ་དེ་དག་ཞུ། །​ཇི་སླད་མངོན་དུ་ཆོས་ཚོལ་བགྱིད་ཅེས་ན། །​བདུད་རྣམས་གཞོམ་དང་བྱང་ཆུབ་འཐོབ་སླད་དུ། །​དེ་ནས་ཞུ་བ་ཞུ་བའི་སྤྲུལ་པ་རྣམས། །​གང་ཡིན་དེ་ལ་ཤཱཀྱ་ཐུབ་པས་གསུངས། །​འདྲེན་པས་ཡང་དག་ཚིག་གིས་དེ་བསྟན་ནས། །​མི་མཆོག་དེ་ཡི་ཚིག་རྣམས་ཐོས་གྱུར་ཏེ། །​དགའ་ཞིང་མགུ་ལ་རྗེས་སུ་ཡི་རང་ནས། །​བདེ་གཤེགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4202#UT22084-048-001-4202