Degé Kangyur volume 48, F.65.b

ལག་པ་བརྐྱང་བ་སྐུམ་པར་བྱེད་པའི་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེས་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འདུག་གོ། །​དེ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཕན་འདོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་མིག་བཏུད་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཞིང་། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་དེས་པད་མ་ཆེན་པོའི་རྒྱལ་པོ་འདི་ཡང་བསྐུར་བ་ལགས་སོ་བཅོམ་ལྡན་འདས་ཀྱིས་བཞེས་ཏེ། བཞེས་ནས་ཀྱང་བྱང་ཆུབ་སེམས་དཔའ་ཕན་འདོད་ལ་བཀའ་སྩལ་པ། ཕན་འདོད་ཅི་བཅོམ་ལྡན་འདས་དེ་སྙུན་མི་མངའ་འམ། སྟོབས་དང་ལྡན་ནམ། འགྱུར་བ་མི་མངའ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །​དེའི་ཚེ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སུམ་ཁྲི་ཉིས་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་ཆེན་མཐའ་ཡས་བརྩེགས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཀོན་མཆོག་འབྱུང་གནས་དེས་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མས་སྣང་བ་ཆེན་པོ་དེ་མཐོང་སྟེ། གསུང་བསལ་བའི་སྒྲ་ཆེན་པོ་དེ་ཡང་ཐོས་སོ། །​དེ་ནས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་འོད་དེ་དང་། གསུང་བསལ་བའི་སྒྲ་དེ་སུའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4146#UT22084-048-001-4146