།མ་ཕམ་པ་བྱང་ཆུབ་སེམས་དཔའི་སེམས་གང་ཡིན་པ་དེ་ནི་གང་དུ་ཡང་བསྐུར་བ་མ་ཡིན། གང་ནས་ཀྱང་བླངས་པ་མ་ཡིན། བསྐྱེད་པ་མ་ཡིན། བཀག་པ་མ་ཡིན། གནས་པ་མ་ཡིན། རྒྱུན་ཆད་པ་མ་ཡིན། སོང་བ་མ་ཡིན། འོངས་པ་མ་ཡིན་ནོ། །མ་ཕམ་པ་སེམས་དེ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་གཉི་ག་ཡང་མཆོག་ཏུ་རྙེད་པར་དཀའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །འཇིག་རྟེན་སྣང་བྱེད་རྣམས་ནི་དཀོན། །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །འཇིག་རྟེན་དུ་ནི་རེས་འགའ་འབྱུང་། །གང་དག་བྱང་ཆུབ་ཕྱིར་ཞུགས་པའི། །བྱང་ཆུབ་སེམས་དཔའ་སེམས་དེའང་དཀོན། །དཔའ་བོ་ཡི་ནི་སེམས་དེ་ཡང་། །འཇིག་རྟེན་དུ་ནི་རེས་འགའ་འབྱུང་། །དེ་ལྟ་བས་ན་དེ་འདྲ་བའི། །དག་པའི་སེམས་དེ་བསྐྱེད་ནས་སུ། །སངས་རྒྱས་དག་གི་སྟོབས་རྣམས་དང་། །དེ་བཞིན་མི་འཇིགས་རྣམས་ཀྱང་སྣང་། །དེ་ལས་སེང་གེའི་སྒྲ་སྒྲོགས་དང་། །དྲང་སྲོང་སྨྲ་བར་ང་ཡིས་སུ། །ཡང་དག་འཁོར་ལོ་བསྐོར་བ་བཞིན། །ཆོས་ཀྱི་འཁོར་ལོའང་དེ་བཞིན་ནོ། །ང་ཡི་མ་འདྲེས་བཅོ་བརྒྱད་ཆོས། །མ་ཚང་མེད་པ་གང་ཡིན་དང་། །སངས་རྒྱས་རྣམས་ཀྱི་མཚན་གང་ཡིན། །དེ་དག་ཀྱང་ནི་འདིར་ལྟོས་ཤིག །རྨོངས་པ་མེད་པས་གཤེགས་པ་དང་། །གླང་པོ་ཆེ་ཡི་གཟིགས་སྟངས་དང་། །སྤྱི་གཙུག་བལྟར་མི་མཐོང་བ་ཡང་། །སེམས་དེ་ལས་ནི་རབ་ཏུ་ལྟོས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་དང་། །ཏིང་འཛིན་ཕ་རོལ་ཕྱིན་པ་དང་། །ཤེས་རབ་ཕ་རོལ་ཕྱིན་པ་དང་། །བྱང་ཆུབ་སེམས་དེའང་འདི་ལས་ལྟོས། །སངས་རྒྱས་ཆོས་རྣམས་རབ་བསྟན་པའི། །ཆོས་གཞན་གང་དག་ཡིན་པ་ཡང་། །དེ་དག་ཐམས་ཅད་སེམས་དེ་དང་། །དང་པོའི་སེམས་ལ་གནས་པ་ཡིན། །ཉན་ཐོས་ཚུལ་ཁྲིམས་གང་ཡིན་དང་། །ཉན་ཐོས་ཏིང་འཛིན་གང་ཡིན་དང་། །ཤེས་རབ་ཕུང་པོ་རྫུ་འཕྲུལ་གང་། །དེ་དག་ཐམས་ཅད་འདིར་ལྟོས་ཤིག །སྔོན་ཆད་སེམས་ནི་བསྐྱེད་པ་དེ། །གལ་ཏེ་འཇུག་པ་མ་ཡིན་ན། །བླ་ན་མེད་པའི་ཡེ་ཤེས་ཀྱང་། །འཇུག་པར་འགྱུར་བ་ག་ལ་ཡིན།