Degé Kangyur volume 29, F.138.a

བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་དགོད་པར་བྱའོ། །​བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ལ་དགོད་པར་བྱའོ་སྙམ་དུ་སེམས་སོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ནས། འདི་སྙམ་དུ་བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་འདི་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་བྱའོ། །​དྲན་པ་ཉེ་བར་གཞག་པ་བཞི་ལ་དགོད་པར་བྱའོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་དགོད་པར་བྱའོ། །​རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །​དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཀྱི་བར་ལ་དགོད་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་དེས་སེམས་ཅན་འགའ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བཀོད་པ་ཡོད་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བར་དག་ལ་དགོད་པར་སེམས་བསྐྱེད་ཀྱང་སེམས་ཅན་འགའི་དོན་གྱི་ཕྱིར་ཡང་སེམས་བསྐྱེད་པ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །​རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། ཆོས་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-11654#UT22084-029-001-11654