Degé Kangyur volume 30, F.262.b

མི་ལྡོག་པ་ཉིད་ལ་གནས་པར་འགྱུར་ཞིང་དེ་ལ་གནས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཐོས་ནས། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་སྐད་གསུངས་པ་དེ་བཞིན་ནོ། །​ཞེས་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟ་ལ་རྨོངས་པར་མི་འགྱུར་ན། དེས་ནི་ཕྱིས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེ་དག་ལས་འདི་ཉིད་རྒྱ་ཆེར་ཐོས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མོས་པ་འབྱུང་བར་འགྱུར་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་ན་འདི་ནི་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་བཞིན་ནོ། །​ཞེས་མོས་ཤིང་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དེ་ལྟར་གཅེས་སྤྲས་བྱེད་པ་ཡིན་ན། གང་མོས་ཤིང་མོས་ནས་ཀྱང་དེ་བཞིན་ཉིད་དུ་གནས་ཤིང་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་དང་། དེ་བཞིན་ཉིད་དུ་གནས་ཤིང་དེ་བཞིན་ཉིད་དུ་བསྒྲུབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་དེ་བཞིན་ཉིད་དུ་གནས་ཤིང་། དེ་བཞིན་ཉིད་དུ་བསྒྲུབས་ན། ཆོས་གང་ཡང་དམིགས་པར་མི་འགྱུར་བ་ལགས་ན། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་བ་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི་བའི་ཆོས་གང་ཡང་དམིགས་སུ་མ་མཆིས་ན་སུ་ཞིག་དེ་བཞིན་ཉིད་ལ་གནས་པར་འགྱུར། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས་ཆོས་སྟོན་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12502#UT22084-029-001-12502