Degé Kangyur volume 30, F.226.a

ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར། ངན་སོང་གསུམ་པོ་འདི་དག་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་འབྱུང་བར་མི་འགྱུར་བར་ཇི་ལྟར་ཤེས་པར་བྱ་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན། སེམས་ཅན་དམྱལ་བ་པའི་སེམས་ཅན་དག་མཐོང་ངམ། དུད་འགྲོའི་སྐྱེ་གནས་པའམ། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་མཐོང་ན། འདི་ལྟ་བུའི་དྲན་པ་རྙེད་པར་འགྱུར་ཏེ། དྲན་པ་རྙེད་ནས་ཀྱང་འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་ངན་སོང་གསུམ་པོ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་འབྱུང་བར་མི་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་སེམས་སོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྨི་ལམ་གང་ཡིན་པ་དང་། རྨི་ལམ་གྱི་མཐའ་གང་ཡིན་པའི་ཆོས་དེ་གཉིས་ནི་གཉིས་སུ་མེད་ཅིང་། གཉིས་སུ་དབྱེར་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་འམ། སད་པ་ན་གྲོང་ཁྱེར་ཚིག་པ་མཐོང་ན་འདི་སྙམ་དུ་སེམས་ཏེ། གང་བདག་གིས་རྨི་ལམ་འམ། རྨི་ལམ་གྱི་མཐའ་སད་པ་ན། རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་འགྱུར་བའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་མཐོང་བའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་གལ་ཏེ། བདག་ལ་ཡོད་ན། བདེན་པ་དང་། བདེན་པའི་ཚིག་འདིས་གྲོང་ཁྱེར་ཚིག་པ་འདི་ཉེ་བར་ཞི་བ་དང་། བསིལ་བ་དང་། མེད་པར་གྱུར་ཅིག་ཅེས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12429#UT22084-029-001-12429