Degé Kangyur volume 2, F.68.a

སྐུར་ལགས་སོ། །​བྲམ་ཟེའི་ཁྱེའུ་དཔེར་ན་བྲམ་ཟེའི་གཞོན་ནུ་བྲམ་ཟེ་རྣམས་ཀྱིས་ཉེས་པ་འགའ་ཁོ་ནའི་ཕྱིར་སྤྱུགས་པར་གྱུར་ན། དེས་བྲམ་ཟེ་རྣམས་ལས་སྟན་ནམ་ཆུའམ་གསང་ཚིག་གམ་གདོན་པ་འཐོབ་བམ། ཀྱེ་གཽ་ཏ་མ་མི་འཐོབ་ལགས་སོ། །དེ་རྒྱལ་རིགས་རྣམས་ཀྱིས་རྒྱལ་རིགས་ཀྱི་དབང་བསྐུར་བས་དབང་སྐུར་རམ། ཀྱེ་གཽ་ཏ་མ་དབང་མི་སྐུར་ཏེ། དེ་ཅིའི་སླད་དུ་ཞེ་ན། བྲམ་ཟེ་གདོལ་པ་ལགས་པའི་སླད་དུ་རྒྱལ་རིགས་རྣམས་བྲམ་ཟེ་གདོལ་པ་ལ་དབང་མི་སྐུར་ལགས་སོ། །​བྲམ་ཟེའི་ཁྱེའུ་དེ་ལྟར་ན་རུས་དང་རིགས་དང་གནད་ཀྱིས་རྒྱལ་རིགས་ཀྱི་རིགས་མཆོག་ཡིན་གྱི། བྲམ་ཟེ་ནི་མ་ཡིན་ནོ་བྲམ་ཟེའི་ཁྱེའུ་ཚངས་པ་མི་མཇེད་ཀྱི་བདག་པོས་ཚིགས་སུ་བཅད་དེ་སྨྲས་པ། རུས་དང་འབྲེལ་པ་གང་ཡིན་པའི། །​རྒྱལ་རིགས་རྐང་གཉིས་ནང་ན་བཙུན། །​ལྷ་དང་མི་རྣམས་ནང་ན་ཡང་། །​རིག་དང་ཞབས་སུ་ལྡན་པ་བཙུན། །​བྲམ་ཟེའི་ཁྱེའུ་ཚངས་པ་མི་མཇེད་ཀྱི་བདག་པོ་དེས་ཚིགས་སུ་བཅད་དེ་འདི་སྐད་ཅེས། རུས་དང་འབྲེལ་པ་གང་ཡིན་པའི། །​རྒྱལ་རིགས་རྐང་གཉིས་ནང་ན་བཙུན། །​ལྷ་དང་མི་རྣམས་ནང་ན་ཡང་། །​རིག་དང་ཞབས་སུ་ལྡན་པ་བཙུན། །​ཞེས་སྨྲས་པ་ནི་ལེགས་པར་སྨྲས་པ་ཡིན་གྱི་ཉེས་པར་སྨྲས་པ་མ་ཡིན། ལེགས་པར་བསྙད་པ་ཡིན་གྱི་ཉེས་པར་བསྙད་པ་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། བྲམ་ཟེའི་ཁྱེའུ་ང་ཡང་འདི་སྐད་ཅེས། རུས་དང་འབྲེལ་པ་གང་ཡིན་པའི། །​རྒྱལ་རིགས་རྐང་གཉིས་ནང་ན་བཙུན། །​ལྷ་དང་མི་རྣམས་ནང་ན་ཡང་། །​རིགས་དང་ཞབས་སུ་ལྡན་པ་བཙུན། །​ཞེས་གསུང་ངོ་། །​བྲམ་ཟེའི་ཁྱེའུ་ཇི་སྙམ་དུ་སེམས། གང་ན་བག་མ་ལེན་པ་དང་། བག་མ་གཏོང་བ་ཡོད་པ་དེ་ནས་བྲམ་ཟེ་རྣམས་ཀྱིས་སྟན་ནམ་ཆུའམ་གསང་ཚིག་གམ། གདོན་པ་འཐོབ་བམ། ཀྱེ་གཽ་ཏ་མ་གང་ན་བག་མ་ལེན་པ་དང་། བག་མ་གཏོང་བ་མཆིས་པ་དེ་ནས་བྲམ་ཟེ་རྣམས་ཀྱིས་སྟན་ནམ་ཆབ་བམ་གསང་ཚིག་གམ། གདོན་པ་འཐོབ་ལགས་སོ། །​བྲམ་ཟེའི་ཁྱེའུ་གང་ན་བག་མ་ལེན་པ་དང་། བག་མ་གཏོང་བ་ཡོད་པ་དེ་ན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6.html?part=UT22084-001-006-8030#UT22084-001-006-8030