Degé Kangyur volume 1, F.5.b

སྐོལ་ཀྱང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ལགས་ན། ཅིའི་སླད་དུ་སྐོལ་དེ་ལ་ལོ་ཐང་དང་དཔྱ་འབུལ། ལྷས་བདག་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་སྩལ་བ་འབའ་ཞིག་མཛོད་ཅིག་དང་། བདག་གིས་ཨང་གའི་རྒྱལ་པོ་དང་ལྷན་ཅིག་གཡུལ་ངོར་གཡུལ་སྤྲད་པར་བགྱིའོ། །​དེ་ནས་རྒྱལ་པོ་པད་མ་ཆེན་པོས་ཨང་གའི་རྒྱལ་པོ་ལ་ཁྱོད་ཀྱི་མཐུ་དང་། དཔུང་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་མ་ཉམས་པར་གྱིས་ཤིག་ཅེས་ཕྲིན་ཡིག་སྤྲིང་ངོ་། །​ཨང་གའི་རྒྱལ་པོས་ཐོས་ནས་མི་བཟོད་པ་སྐྱེས་ཏེ་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དེའི་ཡུལ་འཁོར་གཞོམ་པར་བྱས། དཔུང་གི་ཚོགས་ཡན་ལག་བཞི་པ་གོ་སྐོན་ཅིག །​དེས་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ་ཡུལ་མ་ག་དྷཱ་གཞོམ་པར་བརྩམས་པ་དང་། མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་རྒྱལ་པོ་པད་མ་ཆེན་པོ་ལ་ལྷ་ཨང་གའི་རྒྱལ་པོ་འདི་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ་ཡུལ་མ་ག་དྷཱ་འཇོམས་པར་བགྱིད་དོ་ཞེས་སྦྲོན་པ་དག་བཏང་ངོ་། །​རྒྱལ་པོ་པད་མ་ཆེན་པོས་ཐོས་ནས་དེ་མི་བདེ་བར་གྱུར་ཏེ་ལག་པ་འགྲམ་པ་ལ་གཏད་ནས། སེམས་ཁོང་དུ་ཆུད་ཅིང་འདུག་འདུག་ནས། དེས་གཞོན་ནུ་གཟུགས་ཅན་སྙིང་པོ་བོས་ཏེ། དེ་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་བྱིན་ནོ། །​གཞོན་ནུ་གཟུགས་ཅན་སྙིང་པོས་བློན་པོའི་བུ་ལྔ་བརྒྱ་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་ང་ནི་ཨང་གའི་རྒྱལ་པོ་དང་ལྷན་ཅིག་གཡུལ་ངོར་གཡུལ་སྤྲོད་པར་བྱེད་ན་ཤེས་ལྡན་དག་ཅི་བྱེད། དེ་དག་གིས་སྨྲས་པ། གཞོན་ནུ་ཁྱོད་ཀྱི་གནས་སྐབས་གང་ལགས་པ་དེ་བདག་ཅག་གི་ཡང་ལགས་སོ། །​དེས་ཚིགས་སུ་བཅད་པ་སྨྲས་པ། མི་གང་ལ་ནི་ཁྱིམ་དཔལ་གནས། །​དེ་ནི་ཀུན་གྱིས་ཡོངས་བསྲུང་བྱ། །​དེ་ཉམས་ན་ནི་ཀུན་ཉམས་ཏེ། ལྟེ་བ་ཆག་པས་རྩིབས་རྣམས་བཞིན། །​ད་ཁྱེད་ཀྱིས་ཀུན་ནས་ཡོངས་སུ་བསྲུང་བར་བྱའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29049#UT22084-001-001-29049