Degé Kangyur volume 1, F.36.b

དེ་སྒོ་བས་བཞིན་གྱི་གཟུགས་ལས་ངོ་ཤེས་ནས་སྨྲས་པ། ཤེས་ལྡན་ཁྱོད་སྟོད་རིངས་ཡིན་ནམ། ཁོ་བོ་སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། །​བྲམ་ཟེ་གནས་ལེན་གྱི་བུ་དེ་ག་རེ། དུས་ལ་བབ་བོ། །​དེའི་ཆུང་མ་དེ་ག་རེ། དེ་ཡང་དུས་ལ་བབ་བོ། །​བྲམ་ཟེ་སྐར་རྒྱལ་ག་རེ། དེ་ཡང་དུས་ལ་བབ་བོ། །​ཤཱ་རི་ཀཱ་ག་རེ། དེ་ཡང་དུས་ལ་བབ་བོ། །​ཤཱ་རིའི་བུ་དེ་ག་རེ། རྒྱལ་པོའི་ཁབ་ཏུ་སྟོན་པ་ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་བྱུང་ནས་རིང་པོ་མ་ལོན་པ་དེའི་གན་དུ་རབ་ཏུ་བྱུང་ངོ་། །​འདི་ལྟ་སྟེ་རེ་ཞིག་རབ་ཏུ་འབྱུང་བར་བྱ་བ་དེ་ནི་བྲམ་ཟེས་བྱ་བ་ཡིན་ནོ། །​དེ་མཐར་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་དེ་དེར་སོང་སྟེ་དྲིས་པ། སྟོན་པ་ཡང་དག་རྒྱལ་བ་ཅན་ག་རེ། དུས་ལ་བབ་བོ། །​དེའི་མུ་སྟེགས་ཀྱི་གནས་ག་རེ། ཐམས་ཅད་དགེ་སྦྱོང་གཽ་ཏ་མའི་དྲུང་དུ་རབ་ཏུ་བྱུང་ངོ་། །​དགེ་སྦྱོང་གཽ་ཏ་མ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་པས་དེ་ཡང་དེའི་མདུན་ན་འདོན་དུ་འགྱུར་བས་ལེགས་སོ། །​དེ་ནས་ཀུན་དུ་རྒྱུ་སེན་རིངས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དང་ཐབས་ཅིག་ཕན་ཚུན་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཀུན་དུ་རྒྱུ་སེན་རིངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །​ཀྱེ་གཽ་ཏ་མ་བདག་ནི་ཐམས་ཅད་མི་བཟོད་དོ། །​མེར་འཇུག་གི་བུ་ཁྱོད་ཀྱིས་བདག་ཐམས་ཅད་མི་བཟོད་པར་ལྟ་བ་གང་ཡིན་པའི་ལྟ་བ་དེ་ཡང་མི་བཟོད་དོ། །​ཀྱེ་གཽ་ཏ་མ་བདག་ནི་ཐམས་ཅད་མི་བཟོད་པར་ལྟ་བ་གང་ཡིན་པའི་ལྟ་བ་དེ་ཡང་མི་བཟོད་དོ། །​མེར་འཇུག་གི་བུ་འོ་ན་ཁྱོད་ཀྱིས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ན་ལྟ་བ་དེ་ཡང་སྤོང་བ་དང་། འདོར་བ་དང་། མེད་པར་འགྱུར་ལ། ལྟ་བ་གཞན་ཡང་མཚམས་མི་སྦྱོར་བ་དང་། ཉེ་བར་མི་ལེན་པ་དང་། མི་འབྱུང་བར་འགྱུར་རོ། །​ཀྱེ་གཽ་ཏ་མ་བདག་གིས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ན་ལྟ་བ་དེ་ཡང་སྤོང་བ་དང་། འདོར་བ་དང་། མེད་པར་འགྱུར་ལ། ལྟ་བ་གཞན་ཡང་མཚམས་མི་སྦྱོར་བ་དང་། ཉེ་བར་མི་ལེན་པ་དང་། མི་འབྱུང་བར་འགྱུར་རོ། །​མེར་འཇུག་གི་བུ་ཁྱོད་ནི་སྐྱེ་བོ་ཕལ་པོ་ཆེ་དང་ལྷན་ཅིག་མཚུངས་ཤིང་འདྲ་བར་འགྱུར་ཏེ། སྐྱེ་བོ་ཕལ་པོ་ཆེ་ཡང་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བས་ཁྱོད་ཀྱང་དེ་དང་འདྲ་བ་ཁོ་ནར་འགྱུར་རོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29111#UT22084-001-001-29111