Degé Kangyur volume 1, F.10.a

བྱེད་པ། གཞན་གྱི་སྨྲ་བ་ཚར་གཅོད་པར་བྱེད་ནུས་པར་གྱུར་ཏོ། །​ཡང་དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པའི་ཆུང་མ་ལ་བུ་མོ་མིག་གཉིས་བྱ་ཤཱ་རི་ཀཱ་འདྲ་བ་ཞིག་བཙས་ནས་དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ཏེ། བུ་མོའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །​ཉེ་དུ་རྣམས་ཀྱིས་སྨྲས་པ། བུ་མོ་འདིའི་མིག་གཉིས་བྱ་ཤཱ་རི་ཀཱ་འདྲ་བས་བུ་མོ་འདིའི་མིང་ཤཱ་རི་ཀཱར་གདགས་སོ་ཞེས་དེའི་མིང་ཤཱ་རི་ཀཱར་བཏགས་སོ། །བུ་མོ་ཤཱ་རི་ཀཱ་བསྲིངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ཏོ། །​དེ་ཕས་ཡིག་འབྲུའི་ཡི་གེ་ལ་ཉེ་བར་སྦྱར་ནས་དེས་ཡིག་འབྲུའི་ཡི་གེ་དག་ལོབས་སོ། །​དུས་གཞན་ཞིག་ན་བྲམ་ཟེའི་ཁྱེའུ་སྟོད་རིངས་ཤཱ་རི་ཀཱ་དང་ལྷན་ཅིག་འགྱེད་པར་བྱེད་པ་ན་ཤཱ་རི་ཀཱས་དེ་ཚར་བཅད་ནས། ཕས་སྟོད་རིངས་ལ་སྨྲས་པ། བུ་ཁྱོད་སྐྱེས་པ་ཡིན་ན་བུད་མེད་ཀྱིས་ཚར་བཅད་དམ། ང་འདས་ནས་རྒོལ་བའི་ལོངས་སྤྱོད་དག་ཕྲོགས་པར་འགྱུར་རོ། །​དེ་ནས་ཡང་བྲམ་ཟེའི་ཁྱེའུ་གསང་ཚིག་འདོད་པ་གསང་ཚིག་ཚོལ་བ་ཞིག་ཡུལ་དབུས་ནས་ལྷོ་ཕྱོགས་སུ་སོང་ངོ་། །​དེ་ན་བྲམ་ཟེ་སྐར་རྒྱལ་ཞེས་བྱ་བ་འཇིག་རྟེན་རྒྱང་འཕེན་ལ་མཁས་པ། རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་སོན་པ་ཡུལ་ཐ་དད་པ་ན་གནས་པའི་བྲམ་ཟེ་རྣམས་ཀྱི་སྟོན་པར་གྱུར་པ་ཞིག་འདུག་ནས། བྲམ་ཟེའི་ཁྱེའུ་དེ་བྲམ་ཟེ་དེའི་དྲུང་དུ་སོང་སྟེ་ཕྱིན་ནས་ཞི་བ་དང་སྤྱོད་ལམ་ཞི་བས་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །​དེ་ནས་བྲམ་ཟེ་སྐར་རྒྱལ་གྱིས་བྲམ་ཟེའི་ཁྱེའུ་དེ་ལ་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱད་ནས་སྨྲས་པ། ཀྱེ་བྲམ་ཟེའི་ཁྱེའུ་ཁྱོད་ག་ལས་འོངས་ཅི་ཞིག་འདོད། བྲམ་ཟེའི་ཁྱེའུས་སྨྲས་པ། བདག་ཡུལ་དབུས་ནས་མཆིས་ཏེ། མཁན་པོའི་ཞབས་ལ་སྲི་ཞུ་བགྱིད་པར་འཚལ་ལོ། །​ཅི་ཞིག་གི་ཕྱིར། འཇིག་རྟེན་རྒྱང་འཕེན་གཟུང་བའི་སླད་དུའོ། །​བྲམ་ཟེའི་ཁྱེའུ་ལེགས་ཀྱིས་དེ་བཞིན་གྱིས་ཤིག །​དེ་ནི་བྲམ་ཟེས་བྱ་བ་ཡིན་ནོ། །​བྲམ་ཟེའི་ཁྱེའུ་དེས་བྲམ་ཟེ་སྐར་རྒྱལ་གྱི་དྲུང་དུ་འཇིག་རྟེན་རྒྱང་འཕེན་གཟུང་བར་བརྩམས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29058#UT22084-001-001-29058