Degé Kangyur volume 1, F.130.b

ཞིང་བསྙེན་པར་རྫོགས་པར་བྱས་སོ། །​དེ་ནས་ཞག་གཉིས་སམ་གསུམ་ཞིག་ཀུན་དུ་སྤྱོད་པའི་ཆོས་རྣམས་བསླབས་ནས་སྨྲས་པ། བཞིན་བཟངས་རི་དགས་ཀྱིས་རི་དགས་མི་སོས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང་ཡབ་ཀྱི་སྤྱོད་ཡུལ་ཡིན་པས་བསོད་སྙོམས་རྒྱུས་ལ་འཚོ་བར་གྱིས་ཤིག །​དེས་སྨྲས་པ། མཁན་པོ་ཇི་ལྟར་བསོད་སྙོམས་རྒྱུ་བར་བགྱི། དེས་སྨྲས་པ། ཁྱོད་ཀྱིས་དེ་ཙམ་ཡང་མི་ཤེས་སམ། ངས་ཁྱོད་ལ་བསྟན་པར་བྱའོ་ཞེས་དེས་དེའི་ཤམ་ཐབས་ནི་སྲད་བུས་བཅིངས། ཆོས་གོས་ནི་ཚེར་མས་གཏུར་ཏེ་བསྐོན། དཔུང་པ་གཡོན་པར་ནི་ལྷུང་བཟེད་ཀྱི་སྣོད་བཞག །​དཔུང་པ་གཡས་པར་ནི་ཁར་གསིལ་བཏགས་སོ། །​དེ་ནས་དེ་མཉན་ཡོད་དུ་སྤྱོད་ཡུལ་དུ་ཞུགས་པ་དང་བུད་མེད་ཀྱིས་བྲང་བརྡུངས་ནས་སྨྲས་པ། འཕགས་པ་སུས་ཁྱོད་རབ་ཏུ་བྱུང་བའི་ལག་པ་གཉིས་བཅད། དེས་སྨྲས་པ། སྲིང་མོ་ཁྱིམ་པ་ནས་ཁོ་བོའི་ལག་པ་ཆད་དེ། རབ་ཏུ་བྱུང་ནས་ཆད་པ་མ་ཡིན་ནོ། །​སུས་རབ་ཏུ་ཕྱུང་། དེས་སྨྲས་པ། མཁན་པོ་ཉེ་དགའས་སོ། །​དེ་རྣམས་ཀྱིས་སྨྲས་པ། གནས་ངན་ལེན་ཀུན་དུ་སྤྱོད་པ་དེ་མ་གཏོགས་པས་གཞན་སུ་ཞིག་འདི་ལྟ་བུ་རབ་ཏུ་འབྱིན་པར་བྱེད་ཅེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་དེ་ནི་དགེ་སློང་དག་ལག་རྡུམ་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་ལག་རྡུམ་རབ་ཏུ་དབྱུང་བར་མི་བྱ་བསྙེན་པར་རྫོགས་པར་མི་བྱའོ། །​རབ་ཏུ་འབྱིན་པར་བྱེད། བསྙེན་པར་རྫོགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །​ལག་རྡུམ་ཇི་ལྟ་བ་དེ་བཞིན་དུ་རྐང་རྡུམ་དང་། ལག་སོར་ཟླུམ་པོར་འཇས་པ་དང་། མཆུ་མེད་པ་དང་། ལུས་ལ་རྨ་མཚན་ཅན་དང་། རྒན་ཆེས་པ་དག་ཀྱང་དེ་བཞིན་ནོ། །​དགེ་སློང་དག་གཞོན་ཆེས་པ་དག་རབ་ཏུ་འབྱིན་པར་བྱེད་ནས་དེ་དག་གིས་དགེ་འདུན་གྱི་གནས་མལ་བཤང་གཅིས་མ་རུང་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཀྱང་རབ་ཏུ་དབྱུང་བར་མི་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29299#UT22084-001-001-29299