Degé Kangyur volume 1, F.97.b

དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཡང་ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ། །​སྙམ་པས་དྲུག་སྡེ་དག་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས་ཉེ་དགའ་ནང་པར་སྔར་ལངས་ཏེ་སོ་ཤིང་བོར་ནས་སྣམ་སྦྱར་དམར་སེར་གྱོན་ཏེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་གོ། །​དེས་ཐག་རིང་པོ་ཁོ་ན་ནས་རྒན་ཞུགས་མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ་སྨིན་མ་འཕྱང་བ་ཞིག་འོང་བ་དེ་མཐོང་ནས་དེས་བསམས་པ། འདི་ནི་དགེ་སློང་གནས་བརྟན་འགའ་ཞིག་ཡིན་གོར་མ་ཆག་སྙམ་ནས་དེས་བསུ་སྟེ་གནས་བརྟན་བྱོན་པ་ལེགས་སོ་བྱོན་པ་ལེགས་སོ་ཞེས་བྱས་པ་དང་དེས་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །​ཉེ་དགའས་བསམས་པ། ཀྱེ་མ་འདི་ནི་རྒན་ཞུགས་ཞིག་སྟེ། སློབ་དཔོན་ཡང་མི་ཤེས། མཁན་པོ་ཡང་མི་ཤེས་སོ་སྙམ་ནས་དེས་དེ་ལ་སྨྲས་པ། རྒན་ཞུགས་ཁྱོད་ག་ལས་འོངས། སཱ་ལའི་དགོན་པ་ནས་སོ། །​ཅི་དེ་ན་གཙུག་ལག་ཁང་ཡོད་དམ། དེས་སྨྲས་པ། གཙུག་ལག་ཁང་ཡོད་དོ། །​ཅི་དེ་གཙུག་ལག་ཁང་ཡིན་ནམ། འོན་ཏེ་ཕོངས་པ་ཡིན། གཙུག་ལག་ཁང་ནི་ཅི་འདྲ། ཕོངས་པ་ནི་ཅི་འདྲ། གང་ན་ཡོ་བྱད་ཐམས་ཅད་དང་ལྡན་པ་ནི་གཙུག་ལག་ཁང་ཡིན་ལ། གང་ན་ཡོ་བྱད་ཐམས་ཅད་དང་བྲལ་བ་ནི་ཕོངས་པ་ཡིན་ནོ། །​དེ་གཙུག་ལག་ཁང་ཡིན་ནོ། །​དེ་ན་ཅི་ཡོད། དེ་ན་དགེ་སློང་ཞལ་ཏ་བྱེད་པ་གནས་ཏེ། དེས་དགེ་སློང་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་དོ། །​དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་གང་ཅུང་ཟད་ཅི་ཐོས་པ་དེ་ཕྱེ་འབྲེད་ཀྱི་དུས་ཀྱི་ཚེ་གཅིག་ཏུ་འདུས་ནས་ཕན་ཚུན་རྗོད་པར་བྱེད་པ་ཡིན་པས་ཉེ་དགའ་གཙུག་ལག་ཁང་དུ་སོང་སྟེ་དྲུག་སྡེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་བདག་ཅག་གིས་ཡུན་ཇི་སྲིད་ཀྱིས་བྲེལ་བ་སྤང་བར་བྱ། ཁྱོད་ཀྱིས་ཐོས་པ་ཅུང་ཞིག་ཡོད་དམ། ཉེ་དགའས་སྨྲས་པ། ཡོད་དེ། སཱ་ལའི་དགོན་པ་ན་གཙུག་ལག་ཁང་ཡོད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29233#UT22084-001-001-29233