Degé Kangyur volume 47, F.20.a

ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་དུ་སྦྱར་ཏེ་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་སོ། །​ཡིད་ཀྱི་ཁམས་ཤེས་ཏེ། ཡིད་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས། ཡིད་ཀྱི་ཁམས་ཤེས་པ་འགོག་པ་ཤེས། ཡིད་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་སོ། །​ཆོས་ཀྱི་ཁམས་ཤེས་ཏེ། ཆོས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས། ཆོས་ཀྱི་ཁམས་ཤེས་པ་འགོག་པ་ཤེས། ཆོས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་སོ། །​ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་མིག་གི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུར་བྱས་པ་དང་བ་གང་ཡིན་པ་ནི་མིག་གི་རྣམ་པར་སྨིན་པ་སྟེ། གང་གི་མིག་ལ་གཟུགས་སུ་སྣང་བར་འགྱུར་ཞིང་། གཟུགས་ཀྱང་ཐོགས་པ་དང་། མིག་གཟུགས་རྣམས་ལ་ཐོགས་པ་གང་ཡིན་པ་དང་། གང་དུ་མིག་ཀྱང་གཟུགས་ལ་ཐོགས་པ་དང་། མིག་གང་གིས་གཟུགས་མཐོང་བ་དང་། ལྟ་བ་དང་། ལྟ་བར་འགྱུར་བ་དང་། གཟུགས་མཐོང་བར་བྱ་བའི་ཕྱིར་རྟག་ཏུ་ཐ་མི་དད་པར་རུང་བའི་མིག་གང་ཡིན་པ་དང་། ཁམས་བཅྭ་བརྒྱད་དག་ལས་མིག་གི་ཁམས་གང་ཡིན་པ་དང་། སྐྱེ་མཆེད་བཅུ་གཉིས་དག་ལས་མིག་གི་སྐྱེ་མཆེད་གང་ཡིན་པ་དང་། དབང་པོ་ཉི་ཤུ་རྩ་གཉིས་དག་ལས་མིག་གི་དབང་པོ་གང་ཡིན་པ་སྟེ། དེ་ནི་མིག་ཀྱང་ཡིན། དེ་ནི་མིག་གི་ཁམས་ཀྱང་ཡིན། དེ་ནི་མིག་གི་སྐྱེ་མཆེད་ཀྱང་ཡིན། དེ་ནི་མིག་གི་དབང་པོ་ཡང་ཡིན།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2589#UT22084-047-001-2589