Degé Kangyur volume 47, F.13.b

གཤེགས་པ་ཤེས་པ་གང་གིས་ལས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད་མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་ཞིང་། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །​དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཡང་དག་པར་ལེན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ཡང་དག་པར་ལེན་པའི་ལས་བཞི་པོ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཞི་གང་ཞེ་ན། ད་ལྟར་བྱུང་བ་ན་ཡང་སྡུག་བསྔལ་ལ། ཕྱི་མ་ལ་ཡང་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡང་དག་པར་ལེན་པའི་ལས་ཡོད་པ་དང་། ད་ལྟར་བྱུང་བ་ན་བདེ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡང་དག་པར་ལེན་པའི་ལས་ཡོད་པ་དང་། ད་ལྟར་བྱུང་བ་ན་སྡུག་བསྔལ་ལ་ཕྱི་མ་ལ་ཡང་རྣམ་པར་སྨིན་པ་བདེ་བ་ཡང་དག་པར་ལེན་པའི་ལས་ཡོད་པ་དང་། ད་ལྟར་བྱུང་བ་ན་ཡང་བདེ་ལ་ཕྱི་མ་ལ་ཡང་རྣམ་པར་སྨིན་པ་བདེ་བ་ཡང་དག་པར་ལེན་པའི་ལས་ཡོད་དོ། །​ད་ལྟར་བྱུང་བ་ན་ཡང་སྡུག་བསྔལ་ལ་ཕྱི་མ་ལ་ཡང་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡང་དག་པར་ལེན་པའི་ལས་གང་ཞེ་ན། ཡང་དག་པར་ལེན་པའི་ལས་གང་དགེ་སྦྱོང་དང་བྲམ་ཟེ་མཁས་པ་རྣམས་ཀྱིས་སྨད་པ་འདི་ལྟ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་ལེན་པ་ཡིན་ཏེ། དེ་ཡང་འདོད་ཆགས་དྲག་པོ་དང་། ཞེ་སྡང་དྲག་པོ་དང་། གཏི་མུག་དྲག་པོས་ཡང་དག་པར་བླངས་པ་ནི། དབུལ་བའི་སྡུག་བསྔལ་ཡང་དག་པར་བླངས་པ་ཡིན་ལ། དེ་ཡང་ཚེ་འདི་ཉིད་ལ་མཁས་པ་རྣམས་ཀྱིས་སྨད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2576#UT22084-047-001-2576