Degé Kangyur volume 47, F.86.a

ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་མ་རིག་པའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། མ་རིག་པ་ནི་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་སྒྲིབ་པ་དང་། ཆོད་པ་དང་། མུན་པ་དང་། མིག་མ་ཡིན་པར་བྱེད་པ་དང་། ཤེས་རབ་འགོག་པ་དང་། ཕོངས་པའི་ཕྱོགས་དང་། མྱ་ངན་ལས་འདས་པར་ཡང་དག་པར་འཇུག་པར་མི་བྱེད་པའོ། །​དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་མ་རིག་པའི་ཟག་པ་ཞེས་བྱ་སྟེ། ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་མ་རིག་པའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་མ་རིག་པའི་ཟག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། གང་ཉོན་མོངས་པ་ཟད་པ་དེ་ཟག་པ་ཟད་པའོ། །​གང་ཟག་པ་ཟད་པ་དེ་ཉོན་མོངས་པ་ཟད་ཅིང་དེ་སྡུག་བསྔལ་ཟད་པའོ། །​གང་སྡུག་བསྔལ་ཟད་པ་དེ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། འཁོར་བའི་ལམ་དུ་མི་འཇུག་གོ། །​དེ་ལྟར་ན་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་ལ་ཤེས་པ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་ཟད་པ་ཤེས་པ་ཞེས་བྱའོ། །​དེ་བཞིན་གཤེགས་པ་ཟད་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2721#UT22084-047-001-2721