Degé Kangyur volume 47, F.83.b

འམ། གལ་ཏེ་ས་ལ་རྒྱུ་བར་རམ། གལ་ཏེ་བར་སྣང་ལ་རྒྱུ་བར་རམ། གལ་ཏེ་རྐང་མེད་དུའམ། གལ་ཏེ་རྐང་གཉིས་པར་རམ། གལ་ཏེ་རྐང་བཞི་པར་རམ། གལ་ཏེ་རྐང་མངས་སུའམ། གལ་ཏེ་ཆུ་ལ་རྒྱུ་བར་རམ། གལ་ཏེ་སྐམས་ལ་རྒྱུ་བར་རམ། གལ་ཏེ་གནོད་སྦྱིན་གྱི་ཚོགས་སུའམ། གལ་ཏེ་ཤ་ཟའི་ཚོགས་སུའམ། གལ་ཏེ་སྲིན་པོའི་ཚོགས་སུའམ། གལ་ཏེ་འབྱུང་པོའི་ཚོགས་སུའམ། གལ་ཏེ་ལྷ་མ་ཡིན་གྱི་ཚོགས་སུའམ། གལ་ཏེ་ནམ་མཁའ་ལྡིང་གི་ཚོགས་སུའམ། གལ་ཏེ་མིའམ་ཅིའི་ཚོགས་སུའམ། གལ་ཏེ་ལྟོ་འཕྱེ་ཆེན་པོའི་ཚོགས་སུའམ། གལ་ཏེ་མི་མ་ཡིན་པའི་ཚོགས་སུའམ། གལ་ཏེ་ཕྲེང་བ་འཆང་བའི་ཚོགས་སུའམ། གལ་ཏེ་ལག་ན་གཞོང་ཐོགས་ཀྱི་ལྷར་རམ། གལ་ཏེ་རྟག་ཏུ་མྱོས་པའི་ལྷར་རམ། གལ་ཏེ་ལུས་རྒྱན་ཐོགས་པའི་ལྷར་རམ། གལ་ཏེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་རམ། གལ་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་རམ། གལ་ཏེ་འཐབ་བྲལ་གྱི་ལྷ་ནས་དེ་བཞིན་དུ་སྦྱར་ཏེ། དགའ་ལྡན་དུའམ། གལ་ཏེ་འཕྲུལ་དགར་རམ། གལ་ཏེ་གཞན་འཕྲུལ་དབང་བྱེད་དུའམ། གལ་ཏེ་ཚངས་པར་རམ། གལ་ཏེ་ཚངས་རིས་སུའམ། གལ་ཏེ་ཚངས་པ་མདུན་ན་འདོན་དུའམ། གལ་ཏེ་ཚངས་པ་ཀུན་འཁོར་དུའམ། གལ་ཏེ་ཚངས་པ་ཆེན་པོར་རམ། གལ་ཏེ་འོད་དུའམ། གལ་ཏེ་འོད་ཆུང་ངུའམ། གལ་ཏེ་ཚད་མེད་འོད་དུའམ། གལ་ཏེ་འོད་གསལ་དུའམ། གལ་ཏེ་དགེ་བར་རམ། ཆུང་དགེར་རམ། ཚད་མེད་དགེར་རམ། དགེ་རྒྱས་སུའམ། ཆེ་བར་རམ། ཆུང་ཆེར་རམ། ཚད་མེད་ཆེར་རམ། འབྲས་བུ་ཆེ་བར་རམ། འདུ་ཤེས་མེད་པའི་སེམས་ཅན་དུའམ། གལ་ཏེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུའམ། གལ་ཏེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུའམ། གལ་ཏེ་ཅི་ཡང་མེད་པའི་སྐྱེ་མཆེད་དུའམ། གལ་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པས་འདས་པའི་དུས་ཀྱི་དགེ་བའི་རྩ་བ་གང་དག་མངོན་པར་འདུས་བྱས་པ། གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། སོ་སོ་ཡང་དག་པར་ལྡན་པའམ། གལ་ཏེ་ཚུལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2716#UT22084-047-001-2716