Degé Kangyur volume 47, F.69.a

འམ། གལ་ཏེ་ཆོས་ལ་དམིགས་པའམ། གལ་ཏེ་འདོད་པ་ལ་དམིགས་པའམ། གལ་ཏེ་གནོད་སེམས་ལ་དམིགས་པའམ། གལ་ཏེ་རྣམ་པར་འཚེ་བ་ལ་དམིགས་པའམ། གལ་ཏེ་ངེས་པར་འབྱུང་བ་ལ་དམིགས་པའམ། གལ་ཏེ་གནོད་སེམས་མེད་པ་ལ་དམིགས་པའམ། གལ་ཏེ་རྣམ་པར་མི་འཚེ་བ་ལ་དམིགས་པའམ། གལ་ཏེ་སངས་རྒྱས་ལ་དམིགས་པའམ། གལ་ཏེ་ཆོས་ལ་དམིགས་པའམ། གལ་ཏེ་དགེ་འདུན་ལ་དམིགས་པའམ། ཚུལ་ཁྲིམས་ལ་དམིགས་པ་འམ། ཏིང་ངེ་འཛིན་ལ་དམིགས་པའམ། ཤེས་རབ་ལ་དམིགས་པའམ། རྣམ་པར་གྲོལ་བ་ལ་དམིགས་པའམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་དམིགས་པའམ། གལ་ཏེ་ཟད་པ་ལ་དམིགས་པའམ། གལ་ཏེ་མི་སྐྱེ་བ་ལ་དམིགས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་དྲན་པའི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང་རྐྱེན་གང་དག་གིས་དྲན་པའི་དབང་པོ་སྐྱེས་པའི་རྒྱུ་དེ་དག་འགོག་པ་ལས་དྲན་པའི་དབང་པོ་འགོག་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་དེ་ལ་ཡང་ཞེས་བྱ་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་དྲན་པའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཤེས་པ་གང་གིས་དྲན་པའི་དབང་པོ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་དྲན་པའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2687#UT22084-047-001-2687