Degé Kangyur volume 47, F.67.b

ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང་རྐྱེན་གང་དག་གིས་དད་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་དད་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་དད་པའི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དག་ཡོད་ན་དད་པའི་དབང་པོ་སྐྱེ་སྟེ། རྒྱུ་དེ་དག་འགོག་པ་ནི་དད་པའི་དབང་པོ་འགོག་པ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་དད་པའི་དབང་པོ་ཤེས་པ་འགོག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་འདི་ལ་ཇི་ལྟར་ན་དེ་བཞིན་གཤེགས་པས་དད་པའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་དད་པའི་དབང་པོ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་དད་པའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ།​། །​།བམ་པོ་བདུན་པ། ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ལུས་ཀྱིའམ། སེམས་ལས་བྱུང་བའི་བརྩོན་འགྲུས་ཡང་དག་པ་ཇི་ལྟ་བ་བཞིན་རབ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2684#UT22084-047-001-2684