Degé Kangyur volume 47, F.99.b

འདི་ལྟ་སྟེ་དཔེར་ན། རྨི་ལམ་ན་གསེར་མགར་གྱི་མིག་ཉམས་པས་གསེར་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། རྨི་ལམ་ན་སྐྱེད་མོས་ཚལ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། རྨི་ལམ་ན་སྒྱུ་མའི་སྐྱེས་བུ་སྐྱེད་མོས་ཚལ་དུ་རྩེ་བ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་ཐར་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་རྩེ་བ་དང་བྲལ་བ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་ཐར་བ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། རྨི་ལམ་ན་སྒྱུ་མའི་སྐྱེས་བུ་སྐྱེད་མོས་ཚལ་དུ་འགྲོ་བའི་འབྲས་བུ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། རྨི་ལམ་ན་གོས་བདག་གི་སྣམ་བུ་བལྟབ་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2748#UT22084-047-001-2748