Degé Kangyur volume 47, F.87.a

མ་དང་བྲལ་བའི་དོན་དང་། སྨོན་ལམ་དང་བྲལ་བ་སྟེ། དེ་ཡང་འདིར་བརྗོད་པར་བྱ་ཞིང་འདི་ལྟར་མངོན་དུ་དཔྱད་པར་བྱ་སྟེ། འདི་ལྟ་སྟེ། མི་རྟག་པ་ཞེའམ། སྡུག་བསྔལ་བ་ཞེའམ། བདག་མེད་པ་ཞེའམ། མཚན་མ་དང་བྲལ་བ་ཞེའམ། སྨོན་པ་དང་བྲལ་བ་ཞེའམ། ཞི་བ་ཞེའམ། རློམ་སེམས་མེད་པ་ཞེའམ། བདག་འདུལ་བ་ཞེའམ། མངོན་པར་འདུ་མི་བྱེད་པ་ཞེའམ། སྤྲོས་པ་མེད་པ་ཞེས་བྱའོ། །​ཡི་གེ་འདི་དག་ནི་དུས་དང་ལྡན་པར་སོ་སོར་བརྗོད་པར་བྱ་སྟེ། བདག་ཏུ་མངོན་པར་ཆགས་པ་དག་གི་དུས་སུ་ནི་སྟོང་པ་ཉིད་དོ། །​མཚན་མ་ལ་མངོན་པར་ཆགས་པ་དག་གི་དུས་སུ་ནི་མཚན་མ་མེད་པའོ། །​སྨོན་ལམ་ལ་མངོན་པར་ཆགས་པ་དག་གི་དུས་སུ་ནི་སྨོན་པ་མེད་པའོ། །​བསམ་པ་རྣམ་པར་སྤྱོད་པ་དག་ལ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །​དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་སོ་སོ་ཡང་དག་པར་རིག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་སོ་སོ་ཡང་དག་པར་རིག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་མཚན་ཉིད་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་མཚན་ཉིད་བཞི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། གླང་པོ་ཆེ་ལྟར་གཟིགས་པ་ཉིད་དང་། སེང་གེ་ལྟར་རྣམ་པར་བསྒྱིངས་པ་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལ་འཇུག་པ་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་ལམ་དང་རྗེས་སུ་འཐུན་པ་ཉིད་དོ། །​དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པའི་མཚན་ཉིད་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པ་མཚན་ཉིད་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2723#UT22084-047-001-2723