Degé Kangyur volume 47, F.79.b

ལུས་ཀྱིའམ། སེམས་ལས་བྱུང་བའི་བརྩོན་འགྲུས་དེ་དག་ནི། ཤིང་ཀ་ཏ་ཀའི་འབྲས་བུ་ལྟར་དེ་དག་ཡོངས་སུ་ཉམས་པར་འགྱུར་རོ། །​དེ་ལྟར་ན་དེ་བཞིན་གཤེགས་པས་བརྩོན་འགྲུས་ཀྱི་རིམ་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་བརྩོན་འགྲུས་ཀྱི་རིམ་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ཉམས་པའི་ཆ་དང་འཐུན་པའི་བསམ་གཏན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གནས་པའི་ཆ་དང་འཐུན་པའི་བསམ་གཏན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཁྱད་པར་གྱི་ཆ་དང་འཐུན་པའི་བསམ་གཏན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ངེས་པར་འབྱེད་པའི་ཆ་དང་འཐུན་པའི་བསམ་གཏན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་རྒྱུ་གང་དང་རྐྱེན་གང་དག་གིས་ཡོངས་སུ་ཉམས་པའི་བསམ་གཏན་དེ་དག་གི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། རྒྱུ་གང་དང་རྐྱེན་གང་དག་གིས་གནས་པའི་ཆ་དང་འཐུན་པར་གྱུར་པ་དེ་དག་གི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། རྒྱུ་གང་དང་རྐྱེན་གང་དག་གིས་ཁྱད་པར་གྱི་ཆ་དང་འཐུན་པར་གྱུར་པའི་བསམ་གཏན་དེ་དག་གི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། རྒྱུ་གང་དང་རྐྱེན་གང་དག་གིས་ངེས་པར་འབྱེད་པའི་ཆ་དང་འཐུན་པར་གྱུར་བའི་བསམ་གཏན་དེ་དག་གི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་དེ་ལ་ཡང་ཞུ་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2708#UT22084-047-001-2708