Degé Kangyur volume 47, F.29.a

པ་འགོག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །​དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་དྲིའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་དྲིའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པས་དེ་ལ་ཡང་ཞེས་བྱ་བ་ནས། གལ་ཏེ་རོ་བྲོ་བ་མེད་པར་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་ལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་དྲིའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སྣ་དང་དྲི་ལ་བརྟེན་ནས། སྣའི་རྣམ་པར་ཤེས་པ་སྐྱེ་སྟེ། དངོས་པོ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་དེ་སྐྱེ་བ་ན་ནང་གི་སྣ་ལས་ཀྱང་མ་བྱུང་། ཕྱི་རོལ་གྱི་དྲི་དག་ལས་ཀྱང་མ་འོངས། བར་དུ་རྣམ་པར་བཟུང་སྟེ་ཡང་མི་གནས་འོང་བ་མེད་ཅིང་འགྲོ་བ་མེད་ལ། སྟོང་ཞིང་ངོ་བོ་ཉིད་དང་བྲལ་བ་ཡིན་ནོ། །​དེ་ལ་ཤེས་པ་དང་། མཐོང་བ་དང་། གསལ་བ་དང་། མངོན་པར་རྟོགས་པ་དང་། ཡང་དག་པར་ཁོང་དུ་ཆུད་པ་དང་། མཁས་པ་གང་ཡིན་པ་འདི་ནི་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2607#UT22084-047-001-2607