Degé Kangyur volume 47, F.25.a

རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འབྱུང་བ་ཆེན་པོ་ལ་ཤིན་ཏུ་བརྟེན་པའི་སྒྲའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་སྒྲ་སྙན་པ་ཉིད་དང་། སྒྲ་མི་སྙན་པ་ཉིད་དང་། སྒྲ་སྙན་ཅིང་འཇེབས་པ་ཉིད་དང་། སྒྲ་སྙན་ཅིང་འཇེབས་པ་མ་ཡིན་པ་ཉིད་དང་། སྒྲ་ཡིད་དུ་འོང་བ་ཉིད་དང་། སྒྲ་ཡིད་དུ་མི་འོང་བ་ཉིད་དང་། སྒྲ་ཉན་པར་འོས་པ་ཉིད་དང་། སྒྲ་དགའ་བར་བྱེད་པ་ཉིད་དང་། སྒྲ་མི་འཐུན་པ་ཉིད་དང་། སྒྲ་འཐུན་པ་མ་ཡིན་པ་ཉིད་དང་། དུང་གི་སྒྲ་དང་། རྔ་བོ་ཆེའི་སྒྲ་དང་། རྫ་རྔའི་སྒྲ་དང་། འཁར་རྔའི་སྒྲ་དང་། ཆུ་སྒྲ་རྣམ་པར་གོ་བར་བྱེད་པའི་སྒྲ་དང་། མེའི་སྒྲ་དང་། ཆུའི་སྒྲ་དང་། རླུང་གི་སྒྲ་དང་། འབྲུག་སྒྲ་འུར་འུར་པོ་དང་། གློག་ལས་བྱུང་བའི་སྒྲ་དང་། སེར་བ་འབབ་པའི་སྒྲ་དང་། ཟིན་པ་དང་མ་ཟིན་པ་དག་གི་འབྱུང་བ་ཆེན་པོ་འདུས་པའི་སྒྲ་འདི་ནི་སྒྲའི་ཁམས་ཞེས་བྱ་སྟེ། དེ་ལ་ཤེས་པ་དང་། མཐོང་བ་དང་། གསལ་བ་དང་། མངོན་པར་རྟོགས་པ་དང་། ཡང་དག་པར་ཁོང་དུ་ཆུད་པ་དང་། མཁས་པ་གང་ཡིན་པ་འདི་ནི་སྒྲའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པས་སྒྲའི་ཁམས་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །​དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་སྒྲའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས། སྒྲའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དང་། ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང་རྐྱེན་གང་དག་གིས་སྒྲའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2599#UT22084-047-001-2599