Degé Kangyur volume 47, F.126.b

བླ་མེད་བྱང་ཆུབ་བྱང་ཆུབ་སེམས་འཐོབ་པ། །​ཡོན་ཏན་དཔག་མེད་ཡེ་ཤེས་མཆོག་མངའ་བའི། །​དྲང་སྲོང་ཆེན་པོས་སྲས་ཞུས་ལུང་བསྟན་པ། །​བྱང་ཆུབ་དོན་དུ་ང་ཡིས་སྔོན་སྤྱད་པ། །​ཇི་ལྟར་འགྲོ་བ་རྣམས་སུ་སྟོབས་བརྩོན་བསྟེན། །​བརྩོན་འགྲུས་སྟོབས་ཀྱི་བྱང་ཆུབ་ངས་བརྙེས་པ། །དེ་ནི་ང་ཡིས་ཅུང་ཟད་བཤད་པར་བྱ། །​འདས་པའི་དུས་སུ་མི་བདག་བྱུང་བ་ནི། །​མི་ཡི་དབང་ཕྱུག་མི་དབང་སྟོབས་འཆང་ཞེས། །​རིན་ཆེན་བདུན་ཡོད་བུ་དང་ལྡན་པ་སྟེ། །​བདག་ལས་སྐྱེས་པ་ཁྲི་ཕྲག་བརྒྱ་དག་བྱུང་། །​དེ་ཚེ་འཇིག་རྟེན་ཁམས་འདི་འང་རྒྱས་པ་སྟེ། །​རི་བོང་བདག་ཅེས་སངས་རྒྱས་ཞིང་དག་བྱུང་། །​དེར་ནི་མི་མཆོག་རང་བྱུང་བྱུང་གྱུར་པ། །​རིན་ཆེན་དཔལ་ཞེས་འཇིག་རྟེན་སྒྲ་རྣམས་གྲགས། །​མི་མཆོག་དེ་ཡིས་ཉན་ཐོས་དགེ་འདུན་ནི། །​ས་ཡ་ཕྲག་ནི་བརྒྱད་ཅུ་དག་བྱུང་ངོ་། །​བདེ་གཤེགས་མཆོག་གི་རྗེས་སྐྱེས་སྲས་ཚོགས་ནི། །​ཉོན་མོངས་ཁྲོ་དང་ང་རྒྱལ་འཆབ་བྲལ་བའི། །​དེ་ཚེ་མི་མཆོག་དེ་ཡི་བྱང་ཆུབ་སེམས། །​ས་ཡ་ཕྲག་ནི་བརྒྱད་ཅུ་དག་བྱུང་སྟེ། །​རྒྱལ་བ་དཔག་མེད་དག་ལ་སྤྱད་ལྡན་ཞིང་། །​འགྲོ་ལ་ཕན་ཕྱིར་བྱང་ཆུབ་འཐོབ་འགྱུར་རོ། །​དེ་ན་རྣམ་པར་འདྲེན་པ་དེ་ཡི་ནི། །​བྱང་ཆུབ་སེམས་དཔའ་བདུད་བསྟེན་ཞེས་བྱ་བྱུང་། །​དྲང་སྲོང་ཆེན་པོ་བདུད་སྟོབས་རབ་འཇོམས་པ། །​དེ་ཡིས་ཚོགས་ཀྱི་གཙོ་བོ་དེ་བྱེད་དོ། །​དེ་ནས་བདུད་སྟོབས་བསྙེན་པར་དཀའ་ཞེས་པ། །​ལྷའི་བུ་བྱུང་ནས་འདྲེན་པ་རྒྱལ་བའི་མཆོག །​དེ་ནི་བྱང་ཆུབ་མཆོག་ཏུ་གཤེགས་པ་ལ། །​ཇི་ལྟར་མི་རེག་བྱ་ཕྱིར་བར་ཆད་བྱེད། །ས་འདི་རྒྱ་མཚོར་བཅས་པ་ཡོན་ཏན་ལྡན། །​དེ་དག་བུད་མེད་ཚོགས་ཀྱིས་མངོན་སྤྲུལ་ཏེ། །​བཟང་མོ་ཡོན་ཏན་རབ་མཆོག་འཛིན་པས་བཀང་། །​དགའ་བའི་ཚིག་དང་ཡིད་འོང་ཚིག་སྨྲ་ཞིང་། །​མིག་ནི་བཟང་ལ་འགྲོས་ཀྱང་ལྡེམ་བག་ཅན། །​གླང་པོའི་སྣ་ལྟར་ལག་མཉམ་པ་ཡི་མདོག །​ཡུན་རིང་དག་ཏུ་བརྟུལ་ཞུགས་འཛིན་པ་སྟེ། །​ནུ་མ་སྲ་ལ་ལེགས་དང་ལྡན་པ་ཡིན། །​ངག་ཚིག་སྙན་ཅིང་པད་མ་འདྲ་བའི་མིག །​སོ་ཡི་ཕྲེང་བ་ཐགས་དམ་འཆང་བ་སྟེ། །​བྱི་རུའི་མདོག་ལྟར་མཆུ་ནི་མཛེས་པ་ཡིན། །​བཞིན་དང་འགྲམ་པ་དག་ནི་མཛེས་དང་ལྡན། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2802#UT22084-047-001-2802