།དེ་ནས་ངོ་མཚར་རྙེད་དེ་རང་གི་སློབ་མ་ལྷན་ཅིག་རིངས་སུ་དོང་། །ཕྱིན་ནས་སེར་སྐྱར་བརྗོད་པའི་རྒྱལ་པོའི་གྲོང་ཁྱེར་མཆོག་གི་སྒོར་འདུག་སྟེ། །ཞབས་འབྲིང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་མང་པོ་དྲང་སྲོང་དེས་མཐོང་ནས། །སྒོ་བ་དེ་ལ་སྨྲས་པ་ཆབ་སྒོར་དྲང་སྲོང་ཕྱིན་ཅེས་མྱུར་དུ་གསོལ། །དེ་མཉན་མྱུར་དུ་ཕོ་བྲང་ནང་ཕྱིན་རྒྱལ་པོ་ལ་ནི་དེ་བསྙད་པ། །ལྷ་ཅིག་དྲང་སྲོང་རྒན་འཁོགས་དཀའ་ཐུབ་ཆེན་པོ་ཅན་ཞིག་ཆབ་སྒོར་མཆིས། །དྲང་སྲོང་མཆོག་དེ་རྒྱལ་པོའི་ཕོ་བྲང་ནང་དུ་མཆི་བར་དགའ་ཞེས་མཆི། །རྒྱལ་པོ་ཆེན་པོ་ནང་དུ་བཏང་ངམ་མི་བཏང་བདག་ལ་བཀའ་སྩལ་གསོལ། །དེ་ནས་དེ་ཡི་སྟན་བཏིང་རྒྱལ་པོས་ཁྱོད་སོང་ནང་དུ་བོས་ཞེས་བསྒོ། །དྲང་སྲོང་ནག་པོས་བསྒོ་བའི་ཚིག་ཐོས་དགའ་མགུ་བདེ་དང་ལྡན་པར་གྱུར། །སྐོམ་པ་བསིལ་བའི་ཆུ་འདོད་བཀྲེས་པས་གདུངས་པ་ཟས་ལ་མོས་པ་ལྟར། །དྲང་སྲོང་དམ་པ་དེ་ཡང་སེམས་ཅན་མཆོག་དེ་མཐོང་དུ་མངོན་པར་དགའ། །རྒྱལ་པོ་རྒྱལ་གྱུར་སྐུ་ཚེ་རིང་བསྲུང་གསོལ་ཞེས་དགའ་བས་དེ་སྐད་སྨྲས། །སྙན་པར་བརྗོད་ནས་ཡིད་དུལ་དབང་པོ་ཞི་ཞིང་དེས་པ་སྟན་ལ་འདུག །རྒྱལ་པོས་གུས་པར་སྨྲ་བྱས་དྲང་སྲོང་ཐུབ་པ་དེ་ལ་ཚིག་བརྗོད་པ། །རྒྱལ་པོའི་ཕོ་བྲང་འདིར་བྱོན་རྒྱུ་ཅི་ཐུབ་པས་བདག་ལ་མྱུར་དུ་གསུངས། །ཁྱོད་ཀྱི་སྲས་བལྟམ་གཟུགས་མཆོག་ཕ་རོལ་ཕྱིན་ཅིང་གཟི་བརྗིད་ཆེ་དང་ལྡན། །མཐུ་ཆེན་མཚན་རབ་སུམ་ཅུ་གཉིས་ཀྱིས་ཀུན་ནས་རྒྱན་མངའ་བ། །རྒྱལ་པོ་ཁྱོད་སྲས་ཐམས་ཅད་དོན་གྲུབ་དེ་ནི་མཐོང་བར་བདག་དགའ་སྟེ། །དེ་སླད་འདིར་མཆིས་རྒྱལ་པོ་བདག་ལ་འཚལ་བ་གཞན་ནི་ཡོད་མ་མཆིས། །ལེགས་སོ་ལེགས་པར་བྱོན་ཏེ་མཉེལ་ཏམ་མ་མཉེལ་ཁྱོད་མཐོང་བདག་དགའོ། །མཆོག་སྦྱིན་གཞོན་ནུ་དེ་ཉལ་ད་ལྟར་བལྟ་བའི་སྐབས་ནི་མ་མཆིས་ཀྱིས། །རེ་ཞིག་ཡུད་ཙམ་གཞེས་དང་འདིར་ནི་ཟླ་བ་ཉ་བ་དྲི་མེད་པ། །སྐར་མའི་ཚོགས་ཀྱིས་བརྒྱན་པ་འདྲ་བའི་དྲི་མེད་གཟིགས་པར་འགྱུར། །གང་ཚེ་ཁ་ལོ་སྒྱུར་མཆོག་ཟླ་བ་རྒྱས་པའི་འོད་མངའ་དེ་སད་པ། །དེ་ཚེ་རྒྱལ་པོས་འོད་འབར་གཟུགས་འཆང་ཉི་ལས་འཕགས་འོད་པང་བླངས་ཏེ། །འདི་ལྟར་དྲང་སྲོང་ལྷ་མིས་མཆོད་པ་གསེར་མཆོག་གཟུགས་ལྡན་ད་གཟིགས་ཤིག །དྲང་སྲོང་ནག་པོས་དེ་ཡི་རྐང་པ་མཛེས་པ་འཁོར་ལོའི་མཚན་ཅན་མཐོང་།