མི་དབང་རྒྱུད་ནི་རྣམ་དག་ཆོ་རིགས་ཅན། །འབྱོར་ཅིང་རྒྱས་ལ་འཁྲུག་པ་མེད་པ་སྟེ། །སྐྱེ་བོ་དམ་པ་ཆོས་ལྡན་རིམ་གྲོ་ཅན། །སེར་སྐྱར་བརྗོད་པའི་གྲོང་ཁྱེར་སེམས་ཅན་གཞན། །ཀུན་ཀྱང་བསམ་པ་རབ་དག་ཆོས་དང་ལྡན། །སྐྱེད་མོས་ཀུན་དགའ་གཞལ་མེད་ཁང་གིས་བརྒྱན། །སྐྱེ་བའི་སར་ནི་སེར་སྐྱར་བརྗོད་པར་མཛེས། །ཀུན་ཀྱང་ཚན་ཆེན་སྟོབས་དང་ལྡན་པ་སྟེ། །གླང་པོ་གཉིས་སམ་གསུམ་གྱི་སྟོབས་ཀྱང་བདོག །འཕོང་རྩལ་བསླབ་པའི་ཕ་རོལ་མཐར་ཕྱིན་ཀྱང་། །སྲོག་གི་དོན་དུ་གཞན་ལ་གནོད་མི་བྱེད། །ཟས་གཙང་རྒྱལ་པོའི་བུད་མེད་དབེན་པ་སྟེ། །བུད་མེད་དམ་པ་སྟོང་གི་མཆོག་ཏུ་ཕྱིན། །ཡིད་དུ་འོང་བ་སྒྱུ་འཕྲུལ་སྤྲུལ་པའི་གཟུགས། །དེ་ཡི་མིང་ཡང་ལྷ་མོ་སྒྱུ་འཕྲུལ་ཏེ། །མཛེས་པའི་གཟུགས་འཆང་ལྷ་ཡི་བུ་མོ་བཞིན། །འབྱེས་པའི་ལུས་ལྡན་ཡན་ལག་དྲི་མེད་སྡུག །ལྷ་དང་མི་རྣམས་གང་ཡང་རུང་བ་དག །སྒྱུ་འཕྲུལ་མཐོང་ན་གང་ངོམས་དེ་མེད་ཀྱང་། །འདོད་ཆགས་ཞེན་མེད་སྡང་བས་ཞེ་སྡང་མེད། །དེ་ནི་འཇམ་སྙན་དྲང་བའི་ངག་དང་ལྡན། །མི་བརླང་མི་རྩུབ་ཤིན་ཏུ་དེས་པ་སྟེ། །དེ་ནི་བཞིན་འཛུམ་ཁྲོ་གཉེར་རབ་ཏུ་སྤངས། །ངོ་ཚ་ཁྲེལ་ཡོད་ཆོས་སྤྱོད་ལྡན་པ་སྟེ། །ང་རྒྱལ་མེད་ཅིང་མ་ཁེངས་རྒོད་པ་མེད། །ཕྲག་དོག་མེད་ཅིང་སྒྱུ་དང་གཡོ་མེད་དེ། །གཏོང་ལ་དགའ་ཞིང་རྟག་ཏུ་བྱམས་སེམས་ལྡན། །ལས་ཡོད་བལྟ་ཞིང་ལོག་པའི་སྦྱོར་བ་སྤངས། །བདེན་ལ་གནས་ཤིང་ལུས་དང་ཡིད་རབ་བསྡམས། །ས་ལ་གང་ཡོད་བུད་མེད་སྐྱོན་མང་ཚོགས། །དེ་དག་ཐམས་ཅད་དེ་ལ་ཡོད་མི་ཡིན། །མི་ཡི་འཇིག་རྟེན་དྲི་ཟའི་འཇིག་རྟེན་ནམ། །ལྷ་ཡི་འཇིག་རྟེན་དག་ན་བུད་མེད་གཞན། །ལྷ་མོ་སྒྱུ་འཕྲུལ་མཚུངས་མེད་ག་ལ་ལྷག །དྲང་སྲོང་ཆེན་པོའི་མར་ནི་དེ་འོས་ཏེ། །ཚེ་རབས་ལྔ་བརྒྱ་ཁོ་ནར་ཚང་བར་ཡང་། །དེ་ནི་བྱང་ཆུབ་སེམས་དཔའི་མར་གྱུར་ཏོ། །དེ་དང་དེར་ནི་ཡབ་ཀྱང་ཟས་གཙང་སྟེ། །དེ་ཕྱིར་ཡོན་ཏན་ལྡན་པ་མ་ཡི་འོས། །དཀའ་ཐུབ་ཅན་ལྟར་དེ་ནི་བརྟུལ་ཞུགས་གནས། །བརྟུལ་ཞུགས་རྗེས་སྤྱོད་རྟག་པར་ཆོས་ཀྱང་སྤྱོད། །རྒྱལ་པོས་གནང་སྟེ་མཆོག་སྦྱིན་ཐོབ་པས་ན། །འདོད་པ་མ་སྤྱད་ཟླ་བ་སུམ་ཅུ་གཉིས།