Degé Kangyur volume 46, F.11.b

ཐམས་ཅད་དུ་སྔོ་བ། བཻ་དཱུརྱའི་རང་བཞིན། ཟུར་བརྒྱད་དུ་འདུག་པ། ཤིན་ཏུ་སྦྱངས་པ་འབྱུང་སྟེ། ནོར་བུ་རིན་པོ་ཆེ་དེའི་འོད་ཀྱིས་བཙུན་མོའི་འཁོར་ཐམས་ཅད་ཀྱང་སྣང་བས་ཁྱབ་པར་འགྱུར་རོ། །​གང་གི་ཚེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ནོར་བུ་རིན་པོ་ཆེ་དེ་བརྟག་པར་འདོད་པར་གྱུར་པ་དེའི་ཚེ། མཚན་མོ་ནམ་གྱི་གུང་ལ་མུན་པ་མུན་གནག་གི་ནང་དུ་ནོར་བུ་རིན་པོ་ཆེ་དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། སྐྱེད་མོས་ཚལ་གྱི་ས་བཟང་པོ་བལྟ་བའི་ཕྱིར་སོང་ན། ནོར་བུ་རིན་པོ་ཆེ་དེའི་འོད་ཀྱིས་ཐམས་ཅད་དང་ལྡན་པའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཐམས་ཅད་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་སྣང་བས་གསལ་བར་འགྱུར་རོ། །​ནོར་བུ་རིན་པོ་ཆེའི་འཁོར་ན་གནས་པའི་མི་དེ་དག་ཀྱང་སྣང་བ་དེས་གསལ་བར་གྱུར་པ་དང་། གཅིག་གིས་གཅིག་མཐོང་། གཅིག་གིས་གཅིག་ཤེས་ནས་གཅིག་ལ་གཅིག་འདི་སྐད་སྨྲ་སྟེ། བཞིན་བཟངས་དག་ལོངས། ལས་ཀྱི་མཐའ་དག་བྱོས་ཤིག །​ཚོང་འདུས་དག་ཁྲོམ། ཉི་མ་ཤར་ཏེ་ཉིན་མོར་ཤེས་སོ་ཞེས་ཟེར་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་ནོར་བུ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། །​རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། བུད་མེད་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་བུད་མེད་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། ཚུལ་དང་འཐུན་པ་རྒྱལ་རིགས་སུ་སྐྱེས་པ་ཧ་ཅང་ཡང་མི་རིང་བ། ཧ་ཅང་ཡང་མི་ཐུང་བ། ཧ་ཅང་ཡང་མི་སྦོམ་པ། ཧ་ཅང་ཡང་མི་སྐེམ་པ། ཧ་ཅང་ཡང་མི་དཀར་བ། ཧ་ཅང་ཡང་མི་གནག་པ། གཟུགས་མཛེས་པ། ཚུལ་དུ་ཤིས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། དེའི་སྤུའི་ཁུང་ཐམས་ཅད་ནས་ཙན་དན་གྱི་དྲི་འབྱུང་བ། ཁ་ནས་ཨུད་པ་ལའི་ངད་ལྡང་བ། ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བ། དེ་གྲང་བའི་དུས་ན་ནི་ལུས་ལ་རེག་ན་དྲོ་བ། དྲོ་བའི་དུས་ན་ལུས་ལ་རེག་ན་བསིལ་བ་སྟེ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མ་གཏོགས་པར་གཞན་ལ་ཡིད་ཀྱིས་ཀྱང་འདོད་ཆགས་སུ་མི་བྱེད་ན། ལུས་ཀྱིས་ལྟ་ཅི་སྨོས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་བུད་མེད་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh95.html?part=UT22084-046-001-4082#UT22084-046-001-4082