Degé Kangyur volume 94, F.233.a

པདྨའི་སྙིང་པོ་དག་ལས་སྐྱེ་བར་འགྱུར་རོ། །​ཞེས་ལུང་བསྟན་ཏོ་དེ་ལ་མིང་བརྒྱ་རྩ་བརྒྱད་དྲི་མ་མེད་པ་ལྟ་བུ་ཞེས་བྱ་བའི་བསྟོད་པ་རྒྱུན་ཆགས་བཅུ་གཉིས་གང་ཞེ་ན། འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་མོ་ཆེན་མོ་དཔལ་གྱི་མིང་རྣམ་པར་ཉོན་ཅིག །​འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ། ལྷ་ཐམས་ཅད་ཀྱིས་དབང་བསྐུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། ལྷ་ཐམས་ཅད་ཀྱི་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཔལ། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་དཔལ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་ཀྱི་དཔལ། ལྷ་ལ་སོགས་པ་ཐམས་ཅད་ཀྱི་དཔལ། གནས་ཐམས་ཅད་ཡོད་པའི་དཔལ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ། རིག་སྔགས་འཆང་དང་། ལག་ན་རྡོ་རྗེ་དང་། རྡོ་རྗེ་འཆང་ཐམས་ཅད་ཀྱི་དཔལ། འཇིག་རྟེན་སྐྱོང་བ་བཞི་དང་ལྔའི་དཔལ་གཟའ་བརྒྱད་དང་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དཔལ་ལོ། །​ཨོཾ་ཉི་མའི་བུ་མོའམ། ཡུམ་རིག་བྱེད་བཞིའི་དཔལ། བཀྲ་ཤིས་མ། སེམས་ཅན་གྱི་མ། རྒྱལ་མ། རྣམ་པར་རྒྱལ་མ། གང་གཱ་མ། མུ་སྟེགས་ཐམས་ཅད་མ། བཀྲ་ཤིས་ཐམས་ཅད་མ། དྲི་མ་མེད་པར་བྱེད་པའི་དཔལ། སྡིག་པ་ཐམས་ཅད་འཕྲོག་མ། རྒྱགས་བྱེད་མ། ཟླ་བའི་དཔལ། ཉི་མའི་དཔལ། གཟའ་ཐམས་ཅད་ཀྱི་དཔལ། སེང་གེ་ལ་ཞོན་མ། པདྨའི་མཆོག་འབུམ་གྱིས་བཀབ་མ། པདྨ། པདྨ་ལས་བྱུང་མ། པདྨ་ལ་གནས་མ། པདྨ་འཛིན་མ། པདྨ་དང་ལྡན་མ། རིན་པོ་ཆེ་འོད་འབར་བའི་ཕྲེང་བ་དུམ་དང་ལྡན་མ། ནོར་སྦྱིན་མ། དཀར་མོ་དཀར་མོ་ཆེན་མོ། །​ལག་དཀར་མ། བཀྲ་ཤིས་ཐམས་ཅད་འཛིན་མ། བསོད་ནམས་ཐམས་ཅད་བསགས་པའི་ལུས་ཅན་མ། ཤེས་ཉེན་ཅན་གྱི་བུ་མོ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh739.html?part=UT22084-061-013-315#UT22084-061-013-315