Degé Kangyur volume 94, F.231.a

ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །​དེ་ནས་བཅོམ་ལྡན་འདས་བསོད་ནམས་བརྒྱ་སྟོང་དུ་མས་བརྒྱན་ཅིང་། དེ་བཞིན་གཤེགས་པ་བྱེ་བ་དག་གིས་ཡོངས་སུ་བསྐོར་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་སོ། །​ལྷ་མོ་ཆེན་མོ་དཔལ་ལ་གཟིགས་ནས་ཚངས་པ་ཆེན་པོའི་གསུང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​སྤྱན་རས་གཟིགས་དབང་ཕྱུག་རྒྱལ་པོའམ། བློན་པོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། བྲམ་ཟེའམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་གང་ལ་ལ་ལྷ་མོ་ཆེན་མོ་དཔལ་ཀྱི་མིང་བརྒྱ་རྩ་བརྒྱད་དྲི་མ་མེད་པར་གྲགས་པ་ཞེས་བྱ་བའི་བསྟོད་པ་འདི་འཆང་ན། རྒྱལ་རིགས་ཀྱི་རྒྱལ་པོ་དེའི་ཡུལ་དང་། སེམས་ཅན་དེ་དག་གི་འཇིགས་པ་དང་། ཡམས་ཀྱི་ནད་དང་། གནོད་པ་ཐམས་ཅད་ཞི་བར་འགྱུར་ཞིང་ཆོམ་རྐུན་དང་གཡོ་ཅན་དང་། མི་དང་མི་མ་ཡིན་པའི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་ཏེ། ནོར་དང་འབྲུ་དང་། མཛོད་དང་བང་པ་ཐམས་ཅད་རྣམ་པར་འཕེལ་བར་འགྱུར་རོ། །​རྒྱལ་རིགས་ཀྱི་རྒྱལ་པོ་དེའི་ཁྱིམ་དུ་ཡང་དཔལ་ངེས་པར་གནས་པར་འགྱུར་རོ། །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཚིག་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གསུང་འདི་ལེགས་པར་བཀའ་སྩལ་པ་ལེགས་སོ་ལེགས་སོ། །​ལེགས་ལགས་ཏེ། གང་དག་ལྷ་མོ་ཆེན་མོ་དཔལ་གྱི་མིང་རྣམས་འཛིན་པ་དང་། ཐོས་ནས་ཀྱང་སྒྲུབ་པར་བགྱིད་པ་དེ་དག་གི་ཡོན་ཏན་དང་ཕན་ཡོན་ནི་དེ་དག་ལགས་སོ། །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ལྷ་མོ་ཆེན་མོ་དཔལ་གྱིས་དགེ་བའི་རྩ་བ་གང་དུ་བསྐྱེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ཆེན་མོ་དཔལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh739.html?part=UT22084-061-013-307#UT22084-061-013-307