།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྒྱལ་ཆེན་སྦྱིན་པ་འདི་ནི་རྫུ་འཕྲུལ་ཆེ། །ངན་སོང་ངན་འགྲོ་ཀུན་ལས་རབ་གྲོལ་བྱེད། །རྨོངས་པའི་སེམས་ཅན་རྟག་ཏུ་འདོད་ལ་ཆགས། །ཆགས་པ་སྣ་ཚོགས་བརྒྱ་ཡིས་དེ་དག་མྱོས། །མདོ་སྡེ་འདི་ལ་དད་པར་མི་བྱེད་ཅིང་། །སངས་རྒྱས་བསྟན་ལ་སྦྱིན་པ་སྦྱིན་མི་བྱེད། །སེམས་ཅན་དེ་འདྲ་བ་དག་ངན་སོང་སར། །སྐྱེས་ནས་ཚོར་བ་དག་ཀྱང་མྱོང་བར་འགྱུར། །སེམས་ཅན་དེ་དག་ལ་ནི་ཕན་པའི་ཕྱིར། །དེ་ལྟར་མདོ་སྡེ་མཐུ་ཆེན་རབ་ཏུ་བསྟན། །མདོ་སྡེ་འདི་ལ་རྟག་ཏུ་དད་པ་གང་། །དེ་ལ་གཤེད་བྱེད་མེད་ཅིང་སྡིག་བྱེད་མེད། །འབྱུང་པོ་གྲུལ་བུམ་ལྟོ་འཕྱེ་ཆེན་པོ་མེད། །རྒྱལ་པོ་དེ་ལ་སྡིག་པ་བྱེད་པ་མེད། །ལེགས་འདྲི་ཉན་དུ་འཇུག་དང་མཆོད་པ་དང་། །ལེགས་པར་འཛིན་པའི་བསོད་ནམས་གང་ཡིན་པ། །སངས་རྒྱས་ཡེ་ཤེས་ཀྱིས་ནི་བསྔགས་པ་དེ། །སེམས་ཅན་ཀུན་གྱིས་བསྐལ་མང་བརྗོད་མི་ནུས། །གང་དག་རྟག་ཏུ་སངས་རྒྱས་བྱང་ཆུབ་རྣམས། །རྗེད་ཅིང་མཆོད་པ་བྱེད་པ་དེ་དག་དང་། །ལ་ལ་གཞན་འགས་མདོ་སྡེ་འདི་ཉིད་ལས། །ཡི་གེ་འབྲུ་གཅིག་ཙམ་ཡང་ལེགས་བྲིས་ན། །དེ་ལ་བསོད་ནམས་སྔ་མ་དེ་ཡིས་ནི། །དེ་ཡི་བརྒྱ་སྟོང་ཆར་ཡང་མི་ཕོད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ལ་དད་དེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མངོན་པར་མཆོད་པ་དང་ཆོས་སྨྲ་བ་དེ་དག་དང་། འདྲི་བ་རྣམས་དང་། འཛིན་པ་རྣམས་ལ་མཆོད་པ་ཆེན་པོས་མཆོད་པ་བགྱིད་པ་དེ་དག་ནི་ཚེ་འདི་ཉིད་ལ་ཡོན་ཏན་དང་ཕན་ཡོན་མང་པོ་ཐོབ་པར་འགྱུར་ཏེ། དེའི་ལུས་ལ་མིག་ནད་དང་། རྣ་ནད་དང་། སྣ་ནད་དང་། ལྕེ་ནད་དང་། རིམས་ནད་དང་། དུག་དང་། མཚོན་དང་། མེས་མི་ཚུགས་ལགས་སོ། །དེ་དག་ལ་ཕ་མས་ཡིད་བདེ་བ་དང་། བུ་དང་ཆུང་མས་ཡིད་བདེ་བ་དང་། ཁྱིམ་གྱིས་ཡིད་བདེ་བ་འབྱུང་བར་འགྱུར་ལགས་སོ། །གཡུལ་འགྱེད་པ་ཐམས་ཅད་དུ་ཡང་རྒྱལ་བར་འགྱུར་རོ།