བདག་གིའང་འདི་ནི་རབ་ཏུ་སྦས། །རྩོད་པའི་དུས་ལ་དེ་ཉིད་འདི། །སེམས་ཅན་རེ་རེར་བགྲངས་པ་ཡི། །བྱེ་བའི་ནང་ན་འགའ་ཞིག་ཀྱང་། །དད་དང་བརྩོན་པའི་དཔུང་གཉེན་ཅན། །ཀུན་ནས་དེ་ཕྱིར་གསུངས་པ་ནི། །བྱང་ཆུབ་མྱུར་དུ་རབ་བསྒྲུབ་ཕྱིར། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས་མི་མོ་རབ་ཏུ་བསྔགས་པའི་རིམ་པར་ཕྱེ་བ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་ཁྱོད་ཅི་སྟེ་ཆགས་པ་དང་བཅས་པའམ། ཆགས་པ་དང་བྲལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདག་ནི་ཀུན་ཏེ་ཀུན་ལའང་ཁྱབ། །ཀུན་བྱེད་ཀུན་གྱི་འཇིག་པ་པོ། །ཀུན་གྱི་གཟུགས་འཛིན་སངས་རྒྱས་ཏེ། །བྱེད་པོ་འཇོམས་པོ་ཁྱབ་བདག་བདེ། །གང་དང་གང་གི་གཟུགས་ཀྱིས་ནི། །སེམས་ཅན་འདུལ་བྱར་འདི་ཉིད་འཇུག །དེ་དང་དེ་ཉིད་ཚུལ་གྱིས་ནི། །འཇིག་རྟེན་དོན་རྒྱུར་བདག་གནས་སོ། །འགའ་ཞིག་སངས་རྒྱས་གྲུབ་ཐོབ་འགའ། །ལ་ལར་ཆོས་དང་དགེ་འདུན་ནོ། །ལ་ལར་ཡི་དགས་ལ་ལར་ཕྱུགས། །ལ་ལར་དམྱལ་བའི་གཟུགས་ཅན་ནོ། །ལ་ལར་ལྷ་དང་ལྷ་མ་ཡིན། །ལ་ལར་མི་ཡི་གཟུགས་ཅན་ནོ། །ལ་ལར་བརྟན་པའི་གཟུགས་ཅན་དང་། །སྣ་ཚོགས་གཟུགས་ཅན་ཐེ་ཚོམ་མེད། །བདག་ནི་སྐྱེས་པ་བུད་མེད་དང་། །མ་ནིང་གཟུགས་སུའང་ལ་ལར་རོ། །ལ་ལར་ཆགས་ཅན་ལ་ལར་སྡང་། །ལ་ལར་རྨོངས་ཤིང་ལ་ལར་གཙང་། །ལ་ལར་མི གཙང་གཟུགས་སུ་ང་། །སེམས་ཀྱི་གཟུགས་ཀྱིས་བདག་གནས་སོ། །བདག་ནི་སེམས་སུ་བལྟ་བར་བྱ། །གཞན་དུ་ཅུང་ཟད་ཡོད་ཡིན་ཏེ། །དངོས་པོ་དངོས་མེད་རབ་དབྱེ་ང་། །ང་ནི་བསྐྱེད་བྱ་སྐྱེད་བྱེད་པ། །བདག་ནི་བགེགས་དང་གྲུབ་པ་ང་། །ཀུན་གྱི་གཟུགས་ཀྱིས་ཡང་དག་གནས། །ང་ནི་སྐྱེ་དང་འཆི་བའང་ང་། །ང་ནི་ནད་དང་རྒས་པའང་ང་། །ང་ནི་བསོད་ནམས་སྡིག་པའང་ང་། །དེ་ཡི་ལས་ཀྱི་འབྲས་ཉིད་ང་། །འགྲོ་ཀུན་རང་བཞིན་སངས་རྒྱས་ཉིད། །ཀུན་དུ་བདག་གི་གཟུགས་ཉིད་འདི། །རྣལ་འབྱོར་དེ་ཉིད་སེམས་དཔའ་བོས། །