།རླུང་སྟེ་ལྷ་མིན་ཀོ་ཀི་ལ། །ཞེས་པ་གྲི་གུག་ཐོད་པའི་ལག །ནག་པོ་དབང་ལྡན་མཚམས་སུ་གནས། །ཐམས་ཅད་གཡས་བརྐྱང་སྟབས་ཀྱིས་སོ། །ལྷ་མོ་པར་ཎ་ཤ་བ་རི། །བཅོམ་ལྡན་འདས་ཀྱི་ནུབ་ཕྱོགས་གནས། །འདི་ཉིད་བསམ་གཏན་སྦྱོར་བ་ཡིས། །ཉ་སོགས་བསྲེགས་པས་མཆོད་པར་བྱ། །ལྷ་རྣམས་ཀུན་ཀྱང་འཆི་བྱེད་ན། །མི་རྣམས་གཞན་པ་སྨོས་ཅི་དགོས། །དེ་ལ་འདིའི་སྔགས་ནི། ཨོྃ་ཙཎྜ་མ་ཧཱ་རོ་ཥ་ཎ་བནྡྷ་བནྡྷ་ཆེ་གེ་མོ་ཧཱུྃ་ཕཊ། ཤེས་རབ་དང་ལྡན་བསྒོམ་པར་བྱ། །གཡོན་པའི་ཕྱག་ན་པདྨ་དཀར། །གཏུམ་པོ་ཁྲོ་བོ་སྔོན་པོའམ། །དམར་པོ་ཡང་ན་ནག་པོས་ཀྱང་། །རྣལ་འབྱོར་བསྒོམ་པ་ཡོངས་བསྟན་པས། །སྐད་ཅིག་གིས་ནི་འགྲུབ་པར་འགྱུར། །དེ་ལྟར་མི་གཡོ་དཀར་པོ་སོགས། །འབད་པ་དྲག་པོས་སྒོམ་བྱེད་ན། །སེམས་ནི་རྩེ་གཅིག་མཉམ་བཞག་པས། །ས་བོན་དང་བྲལ་ཉིད་ཀྱང་བསྒོམ། །ཟ་དང་འཐུང་དང་ཉལ་བ་དང་། །འདུག་དང་འགྲོ་དང་འཆག་པར་ཡང་། །གནས་སྐབས་ཀུན་དུ་རྣལ་འབྱོར་པས། །ལྷ་ཡི་རྣམ་པར་བསྒོམ་པར་བྱ། །ཡང་ན་བདེ་བ་འབའ་ཞིག་ནི། །ཕན་ཚུན་བདེ་བའི་རྣལ་འབྱོར་མ། །ཇི་སྲིད་རབ་ཏུ་གསལ་གྱུར་པ། །དེ་སྲིད་བར་དུ་འབད་པས་བསྒོམ། །རབ་གསལ་གྱུར་ན་རྣལ་འབྱོར་པའི། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ལས་ལྷ་མོ་རྣམས་ཀྱི་སྒྲུབ་ཐབས་ཀྱི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་བཀའ་སྩལ་པ་དང་། རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།ཐེག་པ་ཆེན་པོ་ཡང་དག་པའི་དགེ་བའི་བཤེས་གཉེན་མཁྱེན་པ་དང་བརྩེ་བ་དང་ཕྲིན་ལས་དཔག་ཏུ་མེད་པ་མངའ་བ་བླ་མ་ཆེན་པོ་རིན་ཆེན་རྒྱལ་མཚན་གྱི་སྐུ་དྲིན་ལ་བརྟེན་ནས་བླ་མ་དུས་འཁོར་བ་ཆེན་པོ་ཤེས་རབ་སེང་གེས་བསྐུལ་ཞིང་སྦྱིན་བདག་མཛད་པ་ལ་བརྟེན་ནས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་རཏྣ་ཤྲཱིའི་ཞལ་སྔ་ནས་ལོ་ཙྪ་བ་གྲགས་པ་རྒྱལ་མཚན་གྱིས་སྦྲུལ་གྱི་ལོ་སྨིན་དྲུག་གི་ཟླ་བའི་དཀར་པོའི་ཚེས་བཅུ་ལ་རྫོགས་པར་བསྒྱུར་རོ།། །།