དོན་མཛད་ཕྱིར་ནི་ཆར་སྤྲིན་དགོད། །ནང་དང་གསང་བ་དེ་བཞིན་ནོ། །དེ་བཞིན་མཐར་ཐུག་བཞི་པ་ཡང་། །སྙན་ནས་བརྒྱུད་པ་ཤེས་པར་བྱ། །དེ་ནས་ནང་དུ་གཞལ་ཡས་ཁང་། །བྷྲུྃ་ལས་འཁོར་ལོ་རྩིབས་བརྒྱད་དེ། །རྩིབས་བརྒྱད་རྣམ་ཤེས་བརྒྱད་ཀྱི་དངོས། །ཡོངས་སུ་གྱུར་པས་རྣམ་སྣང་སྐུ། །ཕྱི་ནས་བལྟས་པས་ནང་དུ་གསལ། །དེ་བཞིན་ནང་ནས་ཕྱི་རུ་སྟེ། །ཐམས་ཅད་གཅིག་ཏུ་སྣང་བའི་དོན། །ཚོན་ཆེན་སྣ་ལྔ་སྐུ་ལྔའི་དོན། །ཁ་དོག་ལྔ་ནི་རིགས་ལྔའི་དོན། །གྲུ་བཞི་ཚངས་པའི་གནས་བཞིར་གསུངས། །ལོགས་བཞི་བསྡུ་བའི་དངོས་པོ་སྟེ། །སྒོ་བཞི་དྲན་པ་ཉེར་གཞག་ཡིན། །ཀ་བ་བརྒྱད་ནི་རྣམ་ཐར་བརྒྱད། །གདུང་བཞི་ཡེ་ཤེས་བཞི་ཡི་དོན། །ཏྭ་ར་ཎལ་སོགས་པ་ཀུན། །སྟོབས་ལ་སོགས་པ་ཡིན་པར་གསུངས། །དེ་ནས་ནང་དུ་གདན་རྣམས་ནི། །པདྨའི་ས་བོན་དབྱངས་ལས་སྐྱེས། །འདོད་ཆགས་ལ་སོགས་ཉོན་མོངས་ཀྱིས། །མ་གོས་རྟགས་སུ་པདྨའི་གདན། །དེ་སྟེང་ཉི་མ་ཟླ་བ་སྟེ། །ཐབས་དང་ཤེས་རབ་གཉིས་ཀྱི་བརྡ། །དང་པོ་རོ་ནི་ང་བདག་གམ། །རྣམ་རྟོག་འཇོམས་ཕྱིར་གསུངས་པ་ཡིན། །ཡན་ལག་བཞི་ལྡན་གཙོ་བོའི་གདན། །འཁོར་ལ་རེ་རེ་གདན་དུ་སྦྱིན། །གཙོ་བོའི་ཡན་ལག་ཡིན་པའི་ཕྱིར། །དགོངས་པའི་དོན་དང་བཅས་པ་ཡིས། །རྟེན་གྱི་དཀྱིལ་འཁོར་རྫོགས་པའོ། །དེ་ནས་ལྷ་རྣམས་བསྐྱེད་པ་ནི། །སྐྱེ་བ་བཞི་ཡི་ཚུལ་ཡིན་ཏེ། །སྐད་ཅིག་ལས་བྱུང་རྫུས་པའི་ཚུལ། །དཔེར་ན་ཆུ་གཏིང་ལས་ནི་ཉ། །རྐྱེན་ལས་སྐྱེས་པ་དྲོད་གཤེར་སྐྱེས། །དཔེར་ན་ཉི་མས་པདྨ་བཞིན། །སྤྲོ་ཞིང་བསྡུ་བ་སྒོང་སྐྱེས་ཚུལ། །དཔེར་ན་རྡོ་ལས་ཟངས་བཞིན་ནོ། །སྦྱོར་བ་ལས་བྱུང་མངལ་སྐྱེས་ཚུལ། །ཡར་ལ་སྲེག་ཅིང་མར་ལ་གསོ། །དཔེར་ན་སྤྲ་ཚིལ་ལས་ནི་གཟུགས། །ཕོ་བྲང་རྣམ་པར་སྣང་མཛད་རྫོགས། །རྗེས་སུ་སྐྱེད་པ་ཧེ་རུ་ཀ། །དབང་བསྐུར་བཅོམ་ལྡན་མི་བསྐྱོད་པ། །བསྟོད་པ་རིན་ཆེན་འབྱུང་ལྡན་ཡིན། །མཆོད་པ་དོན་ཡོད་གྲུབ་པའོ། །བདུད་རྩི་མྱང་བ་འོད་དཔག་མེད། །ཡན་ལག་དྲུག་ལས་བྱུང་བ་ཡི། །