།གསང་བའི་ཡང་གསང་བ་གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་འཁོར་ལོ་སྡོམ་པའི་རྟོག་པ་རྒྱུ་དང་འབྲས་བུའི་དེ་ཁོ་ན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ར་རཏྣ་བཛྲ་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་སརྦ་ཙྪིནྡ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སྙོམས་པར་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་སོགས་པའི་འཁོར་རྣམས་ཀྱིས་གཡོན་གྱི་ཕྱོགས་ནས་སྐོར་བ་ལན་གསུམ་བྱས་ནས་ཕྱི་ནང་གསང་བའི་མཆོད་པས་མཆོད་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་བཅོམ་ལྡན་རྡོ་རྗེ་འཛིན། །གསང་བ་ཞེས་པ་ཇི་ལྟར་ལགས། །དེ་ཡི་གཅོད་པ་ཇི་ལྟར་ལགས། །རྒྱུད་ཀྱི་དོན་ནི་ཇི་ལྟར་ལགས། །དེ་ཡི་རྒྱལ་པོའང་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་བ་ཞེས་པ་རྣམ་པ་བཞི། །དང་པོ་བུམ་དབང་དང་འབྲེལ་བའི། །བསྐྱེད་པའི་རིམ་པའི་རྣལ་འབྱོར་ཏེ། །རྟེན་དང་བརྟེན་པར་བསྒོམ་པ་ནི། །སྣོད་བཅུད་གཟུང་འཛིན་རྣམ་རྟོག་རྣམས། །སྤང་ཕྱིར་ང་ཡིས་གསུངས་པ་ཡིན། །དེ་ཡི་ཁྱད་པར་དགོངས་པའི་དོན། །དང་པོ་སྟོང་ཉིད་ལ་སོགས་པ། །རྒྱུད་གཞན་དུ་ནི་ང་ཡིས་གསུངས། །རྟེན་དང་བརྟེན་པའི་བྱེ་བྲག་ལ། །དང་པོ་རྟེན་གྱི་དགོངས་པ་ཡང་། །ཐུགས་ཀའི་ཡི་གེ་ཧཱུྃ་ལས་ནི། །མར་མེ་གཅིག་ལས་གཉིས་ཀྱི་ཚུལ། །ཁ་དོག་ནག་པོའི་ཨེ་འཕྲོས་པས། །གྲུ་གསུམ་རྒྱ་ཆེ་གཏིང་རིང་བསམ། །གྲུ་གསུམ་སྐུ་གསུང་ཐུགས་ཡིན་ཏེ། །དུག་གསུམ་འཇོམས་པ་དགོངས་པའི་དོན། །ལོགས་ནི་རྣམ་ཐར་གསུམ་ཡིན་ཏེ། །ལུས་ངག་ཡིད་གསུམ་ལས་བྱུང་བའི། །མི་དགེ་བཅུ་འཇོམས་དགོངས་པའི་དོན། །ཆོས་ཀྱི་སྐུ་ནི་དྲི་མེད་ཀྱིས། །རང་བཞིན་གྱིས་ནི་ཀུན་ལ་ཁྱབ།