།རང་བཞིན་མེད་པའི་ཆོས་རྣམས་ཀྱི། །སྐྱེ་འཇིག་སྒྱུ་མ་དེ་བཞིན་ནོ། །འབྱུང་རྣམས་འཇིག་པར་འགྱུར་མིན་ཏེ། །རང་བཞིན་ཉིད་ཀྱིས་སྐྱེ་མི་འགྱུར། །སྣ་ཚོགས་འདི་ནི་རང་བཞིན་མེད། །དངོས་པོ་དངོས་མེད་མཚན་ཉིད་གཅིག །རང་གི་ཤེས་རབ་ལ་འཁྱུད་སེམས། །རྡོ་རྗེ་ནོར་བུའི་པདྨར་སོན། །དེར་སོན་ཟླ་བ་གཡོ་བ་དང་། །མི་གཡོ་བ་དང་མི་འགྱུར་བསྒོམ། །ལུས་ངག་སེམས་ཀྱི་རྩ་རྣམས་སུ། །སྐུ་གསུང་ཐུགས་རྣམས་བསྒོམ་པ་སྟེ། །རྡོ་རྗེ་གསུམ་རྣམས་ལེགས་བསྡུས་པ། །ཡེ་ཤེས་དུང་ཅན་མར་བསྒོམ་པའོ། །ཤེས་རབ་ཆགས་པས་ཞུ་བ་ཡི། །ཐིག་ལེ་རིམ་པས་མགོ་བོ་ལས། །རྫོགས་པའི་གནས་སུ་ཞུགས་རྣམས་ཀྱང་། །འཆིང་བ་དམ་པའི་དོན་གྱིས་སོ། །ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམས་པ་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །དེ་བཞིན་ཡེ་ཤེས་ཤར་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་སོགས་ཉམས་པ་རྫོགས། །ཡེ་ཤེས་ཆད་དང་རྫོགས་པ་མིན། །ཇི་ལྟར་རི་བོང་མཚན་མས་དབུས། །རྫོགས་པར་རི་བོང་ཅན་མི་གནས། །དེ་བཞིན་འགྱུར་མེད་བདེ་བར་སེམས། །འཁོར་བའི་བག་ཆགས་མཚན་མ་ཡིས། །སྐྱེད་དང་རབ་ཏུ་ཉམས་པའི་ཕྱོགས། །དཀར་པོ་ནག་པོར་རབ་ཏུ་གནས། །དེ་དག་དབུས་སུ་རྫོགས་པ་གང་། །དེ་ནི་རྫོགས་པར་མི་གནས་སོ། །སྐད་ཅིག་གཅིག་མངོན་རྫོགས་སངས་རྒྱས། །རྫོགས་པ་ལ་ནི་གཡོ་མི་འགྱུར། །གང་ཚེ་རྡོ་རྗེ་ནོར་བུར་སེམས། །དེ་ནི་སྐད་ཅིག་ཐམས་ཅད་རྫོགས། །དཀར་པོའི་ཕྱོགས་ལ་འདི་མི་གནས། །རེས་འགའ་དཀར་མིན་ལ་མི་འགྲོ། །ཕྱོགས་གཉིས་པོ་ཡི་དབུས་གནས་པ། །རྫོགས་པ་ལ་གནས་གཉིས་སུ་མེད། །གཙུག་ཏོར་ལས་ནི་ཤར་བ་དེའི། །རྡོ་རྗེ་ནོར་བུར་རྫོགས་པར་འགྱུར། །དེ་ཆགས་བྲལ་ལས་ཆ་ཉམས་པ། །རྡོ་རྗེ་ནས་ཉམས་ལ་རབ་རྫོགས། །སླར་ཡང་གཙུག་ཏོར་དུ་ཤར་བ། །སླར་ཡང་རྡོ་རྗེ་ནོར་བུར་རྫོགས། །