Degé Kangyur volume 66, F.267.a

ཤིག །​མཆོད་པ་དང་བཀུར་སྟི་ཐམས་ཅད་ཀྱིས་དེ་ལ་ཅི་ནུས་པར་རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ལྷའི་གོས་དང་། རྒྱན་དང་། སྣོད་སྣ་ཚོགས་ཀྱིས་བཀུར་སྟིར་གྱིས་ཤིག །​རིམ་གྲོར་གྱིས་ཤིག །​བསྟི་སྟང་གྱིས་ཤིག །​མཆོད་པར་གྱིས་ཤིག །​ལམ་བྱི་དོར་གྱིས་ཤིག །​བརྒྱན་པར་གྱིས་ཤིག །​བསྟོད་པ་སྣ་ཚོགས་ཀྱིས་བསྟོད་པར་གྱིས་ཤིག །​ཁྱེད་ཐམས་ཅད་ཀྱང་དེ་ལྟ་བུའི་ཡོན་ཏན་ཐོབ་པ་དང་། སྣོད་དུ་གྱུར་པར་རིང་པོར་མི་ཐོགས་པར་འགྱུར་རོ། །​དེ་ནས་འཁོར་ལྷགས་པ་མ་ལུས་པ་མཐའ་དག་སྟན་ལས་ལངས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ཕྱོགས་གང་ལོགས་ན་སྣང་བའི་ཕྱོགས་དེ་ལོགས་སུ་མངོན་དུ་ཕྱོགས་ནས་ཐལ་མོ་སྦྱར་ཏེ། སྙིང་ནི་རབ་ཏུ་དགའ། བཞིན་ནི་རབ་ཏུ་འཛུམ། མིག་ཀྱང་རབ་ཏུ་དང་བས་ལྟ་ཞིང་འདུག་པར་གྱུར་པ་དང་། འཁོར་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ཉན་ཐོས་ཆེན་པོ་དང་། ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། དྲི་ཟའི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་དག་ཐམས་ཅད་འདི་སྙམ་དུ་སེམས་པར་གྱུར་ཏེ། བདག་ཅག་གིས་རིགས་ཀྱི་བུ་འདི་ལ་བཀོད་པའི་མཆོག་ཇི་ལྟ་བུ་ཞིག་གིས་བཀུར་སྟི་བྱ་སྙམ་མོ། །​དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་སངས་རྒྱས་ཀྱི་ཞིང་མི་མཇེད་འདི་ཐམས་ཅད་མ་ལུས་པར་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་། རི་དང་། འབྲོག་དང་། རི་སྐམ་དང་། ཕུག་དང་། གྲོག་པོ་དང་། གཡང་ས་དང་། རྩྭ་དང་། རྩིག་པ་དང་། བོང་བ་དང་། གསེག་མ་དང་། དྲི་ང་བ་ལ་སོགས་པ་མེད་ལ་ལག་མཐིལ་ལྟ་བུར་མཉམ་པར་སྤྲུལ་ཏོ། །​དེས་དཔལ་དྲི་ཟའི་སྐད་དུ་བརྗོད་པའི་གླུ་དབྱངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh260.html?part=UT22084-066-018-325#UT22084-066-018-325