Degé Kangyur volume 64, F.88.a

སྨན་གཤོང་དང་ལྡན་པ། ཐག་ཐུག་མེད་པ། འགྲོ་ན་བདེ་བ། ཞི་བ་གཉིས་སུ་མེད་པའི་གནས་དེ་འདྲ་བ་དག་ན་གནས་སོ། །​དེ་གནས་དེ་དག་ན་གནས་ཤིང་གང་དེས་སྔོན་བླགས་པ་དང་། སྔོན་ཐོས་པ་དེ་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྒྲ་ཧ་ཅང་ཡང་མི་ཆེ་ཧ་ཅང་ཡང་མི་ཆུང་བ་དང་། དབང་པོ་མི་རྒོད་ཅིང་ཕྱི་རོལ་ཏུ་མ་སོང་བའི་སེམས་ཀྱི་དད་པས་ཉེ་བར་འཚོ་ཞིང་ཚིག་ཉེ་བར་བཟུང་སྟེ། མཚན་མ་འཛིན་ཅིང་གཉིད་ཀྱིས་མ་ལོག་པར་ཁ་ཐོན་བྱེད་དོ། །​གལ་ཏེ་དགེ་སློང་དགོན་པ་པའི་དྲུང་དུ་རྒྱལ་པོའམ། བློན་པོ་ཆེན་པོ་འམ། དེ་མ་ཡིན་པ་གཞན་བྲམ་ཟེའམ། རྒྱལ་རིགས་སམ། གྲོང་པའམ། ཡུལ་གྱི་མི་དག་འོངས་ན། དེས་དེ་དག་ལ་གུས་པར་ལེགས་པར་འོངས་སོ་ཞེས་བརྗོད་པར་བྱ་སྟེ། དེས་རྒྱལ་པོ་ཆེན་པོ་ཇི་ལྟར་གདན་བཏིང་པ་ལ་བཞུགས་ཤིག་ཅེས་དེ་སྐད་བྱས་ནས་གལ་ཏེ་འདུག་ན་གཉི་ག་ཡང་འདུག་པར་བྱའོ། །​དེ་སྟེ་མི་འདུག་ན་གཉི་ག་ཡང་མི་འདུག་པར་བྱའོ། །​གལ་ཏེ་དབང་པོ་རྒོད་པར་གྱུར་ན་རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་ཕྱོགས་ན་དགེ་སློང་དང་། བྲམ་ཟེ་རྣམས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། མང་དུ་ཐོས་པ་དག་མི་རྒོད་དང་། སྤྲེའུ་རྣམས་ཀྱིས་མ་གཙེས་པར་གནས་པ་དེ་ནི་རྙེད་པ་ལེགས་པར་རྙེད་དོ་ཞེས་བསྟོད་པར་བྱའོ། །​དེ་སྟེ་བརྟན་ཞིང་དུལ་ལ་དབང་པོ་རབ་ཏུ་ཞི་བ་ཞིག་ཡིན་ཏེ། ཆོས་བསྟན་པར་རུང་ན་དེ་ལ་ཆོས་སྣ་ཚོགས་བསྟན་པར་བྱའོ། །​དེ་སྟེ་ཆོས་སྣ་ཚོགས་བསྟན་པ་ལ་མི་དགའ་ན་དེ་ལ་སྐྱོ་བ་དང་འཐུན་པའི་ཆོས་བསྟན་པར་བྱའོ། །​དེ་སྟེ་སྐྱོ་བ་དང་འཐུན་པའི་ཆོས་བསྟན་པ་ལ་མི་དགའ་ན་དེ་ལ་དེ་བཞིན་གཤེགས་པའི་ཆེ་བ་རྒྱ་ཆེ་བ། རྒྱ་ཆེ་བ་དག་བསྟན་པར་བྱའོ། །​བྲམ་ཟེ་དང་། རྒྱལ་རིགས་དང་། གྲོང་པ་དང་། ཡུལ་གྱི་མི་དག་འོངས་ན་ཡང་ཅི་རིགས་པར་བྱ་བ་དག་བྱའོ། །​དེ་དེ་ལྟར་མང་དུ་ཐོས་པས་ཆོས་ཉན་པ་རྣམས་ཀྱི་སེམས་མགུ་བར་བྱེད་ནུས་པ་ཡིན་ཏེ། སེམས་ཅན་དེ་དག་ཀྱང་དེ་ལ་དགའ་བ་དང་། དད་པ་དང་། རངས་པ་འཐོབ་པར་འགྱུར་རོ། ཉོན་མོངས་པ་ཀུན་ནས་ལངས་པ་རྣམས་ཀྱི་གཉེན་པོ་ཡང་ནུས་པ་ཡིན་ནོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1172#UT22084-064-001-1172