Degé Kangyur volume 61, F.90.b

ཅེས་བྱ་སྟེ། ནོར་དང་དབྱིག་རྣམས་གཏོང་བའི་བསོད་ནམས་ནི། །​མཁའ་ལས་ལྷག་པ་བདག་ལ་ཅི་ཡོད་པས། །​མི་རྣམས་རྒྱུད་ནི་དམ་པའི་ཆོས་མཛོད་ཀྱིས། །​རྒྱལ་པོའི་མཛོད་ལྟར་མྱུར་དུ་རྒྱས་གྱུར་ཅིག །​ནོར་དང་འབྲུ་དང་བང་མཛོད་བུད་མེད་རྣམས། །​གཏོང་བའི་བསོད་ནམས་བདག་ལ་ཅི་ཡོད་པ། །​དེས་ན་བདག་གིས་བྱང་ཆུབ་མྱུར་འཐོབ་ཅིང་། །​དམ་པའི་ཆོས་ཀྱི་མཛོད་ནི་ཐོབ་པར་ཤོག །​དེ་ལ་གླིང་བཞི་དང་། འཛམ་བུའི་གླིང་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། གླིང་བཞི་དང་། འཛམ་བུའི་གླིང་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་འཐོབ་པར་འགྱུར་བའི་ཚིག་བླ་དགས་ཡིན་གྱིས། བདག་གིས་གླིང་བཞི་དང་། འཛམ་བུའི་གླིང་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ། །​དེ་གླིང་བཞི་དང་། འཛམ་བུའི་གླིང་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་དེ་སྦྱིན་པ་ན། དེ་བཞིན་གཤེགས་པས་བསྟན་པའི་སྨོན་ལམ་བཞིན་དུ། གླིང་བཞི་དང་། འཛམ་བུའི་གླིང་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་དམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་འཐོབ་པ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །​དེ་ལ་འདི་སྐད་ཅེས་བྱ་སྟེ། གླིང་བཞི་རིལ་གྱིས་བཏང་བ་འདི་དག་ལས། །​བདག་གིས་བསོད་ནམས་ཅུང་ཟད་ཅི་བསྒྲུབས་པ། །​དེས་ན་མི་རྣམས་འདི་དག་དམ་ཆོས་ཀྱི། །​རྒྱལ་སྲིད་འཐོབ་པའི་མཐའ་ནི་ཐོབ་གྱུར་ཅིག །​འཛམ་བུ་གླིང་ནི་བྱིན་པ་ཡིས། །​རིན་ཆེན་སྣ་བདུན་ལྡན་པ་ཡི། །​རྒྱལ་པོ་གླིང་བཞི་དབང་བྱེད་པ། །​དབང་ཕྱུག་རྣམ་པར་རྒྱལ་བར་འགྱུར། །​དེ་ལ་གཙུག་གི་ནོར་བུ་དང་། ཅོད་པན་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh182.html?part=UT22084-061-002-351#UT22084-061-002-351