སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས། །ཡོན་ཏན་མཆོག་ལ་བསྙེན་བྱས་ཤིང་། །ནན་ཏན་ལ་ཡང་གནས་ནས་སུ། །མདོ་སྡེ་འདི་ནི་ཉན་པར་འགྱུར། །འཇིག་རྟེན་མགོན་པོའི་བསྟན་པ་ལ། །གང་གིས་ཚུལ་ཁྲིམས་བཤིག་པ་དང་། །སྡིག་པ་བྱེད་པའི་ལག་ནས་ནི། །མདོ་སྡེ་འདི་ཡང་ཐོས་མི་འགྱུར། །དཔའ་བོ་ཚངས་པར་སྤྱོད་པ་དང་། །གང་གི་སེམས་ཀྱང་མི་བརྐམ་ཞིང་། །སངས་རྒྱས་དག་གིས་བྱིན་བརླབས་པ། །དེ་དག་ལག་ནས་ཐོས་པར་འགྱུར། །གང་གིས་སྔོན་གྱི་སངས་རྒྱས་དག །འཇིག་རྟེན་མགོན་པོ་རི་མོར་བྱས། །དེ་དག་ལ་གནས་མདོ་སྡེ་འདི། །ཕྱི་མའི་དུས་ན་ཐོས་པར་འགྱུར། །གང་དག་ཚེ་རབས་སྔ་མ་ལ། །མུ་སྟེགས་ཅན་དུ་གྱུར་པ་ནི། །དེ་དག་མདོ་སྡེ་འདི་ཐོས་ན། །ཡིད་ནི་དགའ་ཞིང་བདེར་མི་འགྱུར། །ང་ཡི་བསྟན་པ་འདི་ལ་ནི། །འཚོ་བ་འདོད་ཕྱིར་རབ་བྱུང་ནས། །རྙེད་དང་བཀུར་སྟིས་ཟིལ་གྱིས་ནོན། །གཅིག་ལ་གཅིག་ཀྱང་སྨོད་པར་བྱེད། །དགེ་སློང་དབང་པོ་མ་བསྡམས་པ། །གཞན་གྱི་བུད་མེད་རབ་སྙེགས་ཤིང་། །ཚུལ་ཁྲིམས་འཆལ་པ་རྙེད་པ་འདོད། །མདོ་སྡེ་འདི་ལ་དད་མི་བྱེད། །སངས་རྒྱས་བརྙེས་པའི་བསོད་ནམས་དང་། །བསམ་གཏན་ཐོབ་པར་མི་འདོད་ཅིང་། །བདག་ཏུ་འདུ་ཤེས་གནས་པ་དག །མདོ་སྡེ་འདི་ལ་དད་མི་བྱེད། །ཕྱི་མའི་དུས་ན་འབྱུང་བ་ནི། །འཇིག་རྟེན་བསམ་གཏན་འབྲས་བུར་འཛིན། །དགྲ་བཅོམ་བསོད་སྙོམས་ཟོས་ནས་ཀྱང་། །སངས་རྒྱས་བྱང་ཆུབ་སྨོད་པར་བྱེད། །འཛམ་བུ་ཡི་ནི་གླིང་འདི་ནི། །མཆོད་རྟེན་ཅི་ཡོད་ཀུན་བཤིག་པས། །གང་གིས་མདོ་སྡེ་འདི་སྤངས་ན། །སྡིག་པ་འདི་ནི་ཁྱད་པར་ཆེ། །གང་གིས་གང་གཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་དག་ནི་བསད་པ་བས། །གང་གིས་མདོ་སྡེ་འདི་སྤངས་ན། །སྡིག་པ་འདི་ནི་ཁྱད་པར་ཆེ། །མི་བཟད་པ་ཡི་ཕྱི་དུས་ལ། །དམ་པའི་ཆོས་ནི་འཇིག་པའི་ཚེ། །མདོ་སྡེ་འདི་ནི་རབ་བཤད་པར། །ཁྱེད་ལ་སུ་དག་སྤྲོ་བ་ཡོད། །དེ་ཚེ་གཞོན་ནུ་ལངས་ནས་ནི། །ངུ་ཞིང་རྒྱལ་ལ་འདི་སྐད་གསོལ། །སངས་རྒྱས་ཐུགས་ཀྱི་སྲས་པོ་ཡིས། །འདི་སྐད་སེང་གེའི་སྒྲ་ཡང་བསྒྲགས།