Degé Kangyur volume 55, F.23.b

གཅིག་ཏུ་འདུག་གོ། །​དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་པོ་མེད་པ་ལས་བྱུང་བས་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེན་པོ་སེམས་ཀྱི་ལྷག་པའི་བསམ་པ་མཁྱེན་ནས་ཏིང་ངེ་འཛིན་འདི་བཤད་དོ། །​དེ་ཏིང་ངེ་འཛིན་འདི་ཐོས་ནས་རབ་ཏུ་དད་དེ་སེམས་རབ་ཏུ་དད་པས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །​དེ་རབ་ཏུ་བྱུང་ནས་ཏིང་ངེ་འཛིན་འདི་བཟུང་སྟེ། །​བཟུང་ཞིང་བཅངས་བཀླགས་ཀུན་ཆུབ་པར་བྱས་ནས་བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་ཏེ། དེ་དགེ་བའི་རྩ་བ་དེས་བསྐལ་པ་བྱེ་བ་ཕྲག་ཉི་ཤུར་ནམ་ཡང་ངན་འགྲོ་ལོག་པར་ལྟུང་བར་མ་སོང་ངོ་། །​སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་མཉེས་པར་བྱས་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་ཀྱང་ཏིང་ངེ་འཛིན་འདི་མཉན་ཏོ། །​སངས་རྒྱས་དེ་དག་ཐམས་ཅད་ལས་མཉན་ནས་ཀྱང་བཟུང་ངོ་ཀུན་ཆུབ་པར་བྱས་སོ། །བཅངས་སོ། །​བཀླགས་སོ། །​བཏོན་ཏོ། །​ཉོན་མོངས་པ་མེད་པར་བསྒོམས་ཤིང་མང་དུ་བྱས་ཏེ། བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་སོ། །​དེ་དགེ་བའི་རྩ་བ་དེས་བསྐལ་པ་ཉི་ཤུ་འདས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ལེགས་པར་བསམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱས་སེམས་ཅན་ཚད་མེད་པའི་དོན་བྱས་ནས་དེའི་འོག་ཏུ་ཤིང་ཟད་པའི་མེ་ལྟར་ཡོངས་སུ་མྱ་ངན་ལས་འདས་སོ། །​གཞོན་ནུ་དེ་ལྟ་བས་ན་རྣམ་གྲངས་དེས་ཀྱང་འདི་ལྟར་ཏིང་ངེ་འཛིན་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཅེས་སྤྲས་བྱེད་པ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པར་རིག་པར་བྱའོ། །​དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཟླ་འོད་གཞོན་ནུར་གྱུར་པ་ལ་སྔོན་བྱུང་བའི་ལེའུ་འདི་ཉིད་རྒྱས་པར་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །​སྔོན་འདས་དུས་ཀྱི་བསྐལ་པ་བསམ་ཡས་ན། །​མི་ཡི་གཙོ་བོ་བྱུང་བ་ངས་དྲན་ཏེ། །​དྲང་སྲོང་ཆེན་པོ་གཟེངས་ཀྱིས་དོན་མཛད་པ། །​དེ་མིང་དངོས་པོ་མེད་ལས་བྱུང་ཞེས་བྱ། །​སྐྱེས་མ་ཐག་ཏུ་མཁའ་ལ་རབ་འདུག་ནས། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-5878#UT22084-055-001-5878