ད་དྲན་ནས་ནི་དེ་བཟོད་བྱ། །བྱེ་བ་ཕྲག་སྟོང་ཞིང་དུ་ཡང་། །ང་ཡི་ལུས་ཀྱི་དངོས་པོ་བརྟན། །བསྐལ་པ་བྱེ་བ་བསམ་ཡས་སུ། །སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཡོངས་སུ་མྱ་ངན་ང་འདས་ནས། །མདོ་སྡེ་འདི་ནི་གང་སྟོན་པ། །ངས་ནི་དཔའ་བོ་དེ་ལ་ཡང་། །སྤྲུལ་པ་མང་པོ་དགྱེ་བར་བྱ། །དགེ་སློང་རྣམས་དང་དགེ་སློང་མ། །དགེ་བསྙེན་རྣམས་དང་དགེ་བསྙེན་མ། །དེ་དག་དེ་ལ་མཆོད་པ་བྱེད། །འཁོར་རྣམས་ལ་ཡང་རི་མོ་བྱེད། །བོང་དབྱུག་དེ་བཞིན་གཤེ་བ་དང་། །སྡིགས་པར་བྱེད་ཅིང་སྤྱོས་པ་དག །དེ་ལ་གང་རྣམས་བྱེད་པ་ཡང་། །སྤྲུལ་པ་རྣམས་ཀྱིས་དེ་དག་ཟློག །མི་དང་བྲལ་བའི་ཡུལ་ཕྱོགས་དང་། །དགོན་པ་རྣམས་དང་རི་དག་ལ། །ནམ་ཞིག་གཅིག་པུ་གནས་ནས་སུ། །ཁ་ཏོན་བྱེད་པར་འགྱུར་བ་ན། །དེ་ན་འོད་གསལ་ང་ཡི་ལུས། །ངས་ནི་དེ་ལ་བསྟན་པར་བྱ། །དེ་ཡི་ཁ་ཏོན་ནོར་བ་ཡང་། །ཕྱིར་ཞིང་ཐོན་པར་འགྱུར་བར་བྱ། །གཅིག་པུར་ནགས་ན་རྒྱུ་བྱེད་ཅིང་། །དེ་ནི་དེ་ན་གནས་པའི་ཚེ། །ལྷ་དང་གནོད་སྦྱིན་དུ་མ་དག །དེ་ཡི་གྲོགས་སུ་དགྱེ་བར་བྱ། །འཁོར་བཞི་ལ་ནི་རབ་སྟོན་པ། །དེ་ཡི་ཡོན་ཏན་དེ་འདྲར་འགྱུར། །ནགས་ཚལ་རི་སུལ་གཅིག་གནས་ཤིང་། །ཁ་ཏོན་བྱེད་པ་དེས་ང་མཐོང་། །དེ་ཡི་སྤོབས་པ་ཐོགས་མེད་འགྱུར། །ཆོས་དང་ངེས་ཚིག་མང་པོ་ཤེས། །འདི་ལྟར་སངས་རྒྱས་བྱིན་བརླབས་པས། །སྲོག་ཆགས་བྱེ་སྟོང་དེས་ཚིམ་བྱེད། །སེམས་ཅན་གང་དག་དེར་རྟེན་པ། །བྱང་ཆུབ་སེམས་དཔར་དེ་མྱུར་འགྲོ། །དེ་དང་སྟེན་ཅིང་འགྲོགས་པ་ཀུན། །སངས་རྒྱས་གང་གཱའི་བྱེ་སྙེད་མཐོང་། །དམ་པའི་ཆོས་པད་མ་དཀར་པོ་ལས་ཆོས་སྨྲ་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་པའོ།། །།བམ་པོ་བརྒྱད་པ། དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ས་ཕྱོགས་དེའི་འཁོར་གྱི་དབུས་ནས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱུང་སྟེ། འཕང་དུ་ནི་དཔག་ཚད་ལྔ་བརྒྱ། ཁོར་ཡུག་ཏུ་ནི་དེ་དང་འཚམ་པ་བཀྲ་བ་བལྟ་ན་སྡུག་པ་མེ་ཏོག་བཀྲམ་པའི་སྟེགས་བུ་ལྔ་སྟོང་གིས་ལེགས་པ་བརྒྱན་པ་རྟ་བབས་སྟོང་ཕྲག་མང་པོས་བརྒྱན་པ། ལྷའི་བ་དན་དང་རྣམ་པར་རྒྱལ་བའི་བ་དན་སྟོང་གིས་བརྒྱན་པ་རིན་པོ་ཆེའི་ཕྲེང་བ་སྟོང་དཔྱངས་པ་དར་དང་དྲིལ་བུ་སྟོང་རབ་ཏུ་དཔྱངས་པ་མངོན་པར་བྱུང་ནས་ནམ་མཁའ་བར་སྣང་ལ་གནས་ཏེ་ཏ་མ་ལའི་འདབ་མ་དང་ཙན་དན་གྱི་དྲི་རབ་ཏུ་བྱུང་བས་དྲི་དེས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་གྱུར་ཏོ།