Degé Kangyur volume 31, F.90.b

གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་དང་མ་འདྲེས་པར་གནས་ཏེ། ས་གཉིས་པོ་དེ་དག་དང་། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱིས་ལ་འདོད་པ་མི་སྐྱེད་ཀྱི། དེ་ཐམས་ཅད་མཁྱེན་པ་ཉིད་ལ་བཟོད་པ་དང་། འདོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པ་དག་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །​ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་མི་དགེ་བའི་ཆོས་སྤང་བ་དང་། དགེ་བའི་ཆོས་བསྒྲུབ་པའི་ཕྱིར་བརྩོན་པ་མི་གཏོང་བར་གནས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པ་དག་ལ་གནས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསམ་གཏན་དེ་དག་ཉིད་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ཉིད་ལ་སྙོམས་པར་འཇུག་ཅིང་ལྡང་ཡང་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་མི་འཕྲོགས་ལ། དེ་དག་གི་དབང་གིས་ཀྱང་མི་སྐྱེ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་གནས་པའི་ཐབས་ལ་མཁས་པ་ལས་བྱུང་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །​ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བདག་གིས་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་པ་དེ་དག་ལ་སྙོམས་པར་ཡང་འཇུག་ཅིང་ལྡང་ཡང་དེ་དག་ཀྱང་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་ཀྱང་དེ་དག་གིས་ཉན་ཐོས་ཀྱི་སྐྱོན་མེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4927#UT22084-031-002-4927